དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོབས་སྒྲིལ་ནུས་གསོག་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཅིག་ཏུ་འདུས་པ།

    —— རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་སྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ལྗོངས་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག “རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆུ་ཚད་མཐོ་པོས་གཏོད་རྒྱུར”དམིགས་ནས“ནུས་རྒྱུ་གཙང་མའི‘རྟེན་གཞི་གཅིག’དང‘དཔེ་སྟོན་གཉིས’ནུས་ཤུགས་ཡོད་རྒུས་སྐྲུན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི”བཀོད་སྒྲིག་བྱས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་ཆུ་དང་། རླུང་། འོད། ཚ་ནུས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕར་གཞི་གསར་པ་མཁོ་འདོན་བྱས་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་800ལྷག་ཙམ་ཟིན་པ་དང་། བསྐྲུན་པའམ་ཡང་ན་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2700ལྷག་ཙམ་ཟིན་གྱི་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། ལྗོངས་ཡོངས་ཀྱི་ནུས་རྒྱུའི་ལས་རིགས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་བ་དེ་དུས་མཚུངས་ལས་48%འཕར་བ་དང་། དྲ་སྦྲེལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་130ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་6%ཡན་འཕར་བ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་110ཙམ་ཟིན་པ་དེ་དུས་མཚུངས་ལས་15%ཙམ་འཕར་བ་སོགས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ལ་འཕེལ་རྒྱས་ཡག་པོ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།

    མཐོ་གནས་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་བྱས་པ།

    སྟོན་མཇུག་ཏུ། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་འགག་གསུམ་མཚོ་སྨད་གྲི་གུའི་རླུང་གློག་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་སྐྱོད་སྐབས། རླུང་གློག་འཕྲུལ་འཁོར་བཅུ་གྲངས་ལྷག་ཙམ་གྲལ་སྟར་འགྲིག་ཅིང་། གློག་གཏོང་འཕྲུལ་འཁོར་གྱི་རླུང་གཤོག་ཆེན་པོ་དག་རླུང་གི་རྒྱུ་བ་དང་བསྟུན་ནས་སྐོར་བ་ནི་ཅི་འདྲའི་བརྗིད་ཆགས་པ་ཞིག་རེད་ཨང་།

    མིག་སྔའི་བར། འགག་གསུམ་མཚོ་སྨད་གྲི་གུའི་རླུང་གློག་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3.7ལྷག་ཙམ་བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་14.8གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་36.2ཉུང་དུ་བཏང་བ་དང་མཚུངས་ལ། དེས་མཐའ་འཁོར་གྱི་ཁྱིམ་ཚང་ཁྲི་14ཙམ་གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ནས། ས་གནས་དེ་གའི་གློག་མི་འདང་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་མ་ཟད། ད་དུང་གློག་ཤུགས་འགན་ལེན་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    འགག་གསུམ་མཚོ་སྨད་གྲི་གུའི་རླུང་གློག་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དེ་ནི་རང་ལྗོངས་ཀྱིས་རྣམ་གྲངས་གལ་ཆེན་བཀོད་གཏོང་དང་འགན་གཙང་ལེན་པའི་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་དཔེ་མཚོན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྣམ་གྲངས་ཆེ་གྲས་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས་ཡོད། བསྐྲུན་པའི་ཆུ་གློག་དང་། འོད་གློག རླུང་གློག་བཅས་རྣམ་གྲངས་ཆེ་གྲས་ཁག་ཕུད། ད་དུང་རྣམ་གྲངས་གསར་པ་རབ་དང་རིམ་པ་འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་སྟེ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་གནས་པའི་ཏཱ་ཐང་དཔའ་ཤོད་ཆན་ཝ་ཁྲི་10ཟིན་པའི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་རླུང་གློག་རྣམ་གྲངས་འདི་ལོའི་ཟླ་བཞི་པར་སྐྲུན་འགོ་ཚུགས་པ་དེ་ནི་ཆབ་མདོའི་ས་ཁོངས་ནང་གི་རླུང་གློག་རྣམ་གྲངས་ཐོག་མ་དེ་ཡིན་ལ། རྒྱལ་ནང་དུ་མིག་སྔར་སྐྲུན་བཞིན་པའི་རླུང་གློག་རྣམ་གྲངས་ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཀྱང་རེད།

    རྣམ་གྲངས་དེ་བསྐྲུན་རྗེས། རླུང་ཤུགས་གློག་ཁང་དེས་ལོར་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་2.23ཡན་གསར་འཕར་ཐུབ་ནས་བོད་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་ནུས་ལྡན་འགྲོ་བ་དང་གློག་ཤུགས་བདེ་འཇགས་མཁོ་སྤྲོད་འགན་ལེན་ཐུབ་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་རླུང་གློག་འཛུགས་སྐྲུན་ལ་དཔེ་སྟོན་ནུས་ལྡན་འཚོལ་ཞིབ་ཐུབ་སྟེ་དཔེ་སྟོན་ལས་གྲྭ་གཏོད་རྒྱུ་རེད།

    འདི་ལོའི་ཟླ་བ་2པར། ཧྭ་ནུས་སྐྱ་བ་འོད་གསོག་གློག་ཁང་གི་དུས་ཐེངས་དང་པོའི་ལས་གྲྭ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་དངོས་སུ་སྐྲུན་འགོ་ཚུགས་པ་རེད། བོད་དུ་སྐྲུན་བཞིན་པའི་འོད་ཤུགས་རྣམ་གྲངས་ཆེ་ཤོས་ཡིན་པའི་ཆ་ནས། རྣམ་གྲངས་བསྐྲུན་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3.7ཟིན་རྒྱུ་ཡིན་པ་དེས་བོད་དུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་དང་དཔེ་སྟོན་ཁུལ་བསྐྲུན་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

    རྒྱལ་ཁབ་ནུས་རྒྱུ་ཚོགས་པ་གསེར་རྙེད་ཆུས་སྐྱིད་མཚོ་རླུང་གློག་རྣམ་གྲངས་སྐྲུན་ས་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རླུང་གློག་ཐོན་ལས་གླིང་དུ་བདམས་པ་དང་རྣམ་གྲངས་འདི་ལོའི་ཟླ་7ཚེས་31ཉིན་ལས་འགོ་ཚུགས་པ་དང་བསྐྲུན་རྗེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.37ཟིན་ནས་གློག་མཁོ་འདོན་གྱི་འགན་ལེན་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཐུབ་རྒྱུ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་ནས། རང་རྒྱལ་གྱི་ས་བབ་མཐོ་བའི་རླུང་འཁོར་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད་དང་ས་བབ་མཐོ་བའི་རླུང་གློག་རྣམ་གྲངས་གཞི་ཁྱོན་ཅན་དུ་གསར་སྤེལ་བྱ་རྒྱུར་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་བོད་ཀྱིས་ལོ་ལྟར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་འཇོག་ཁྲོད་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱིས་30%བཟུང་བ་དང་འདི་ལོའི་ཟླ་9པའི་བར་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་ཡོད།

    ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

    བོད་ལ་ཆུ་དང་། རླུང་། འོད། ཚ་ནུས་སོགས་ཀྱི་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ། གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ། མདུན་ལམ་ཧ་ཅང་ཡག་པོ་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་བཏང་ན“ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་ཀྱི་དཔལ་འབྱོར་བཀོད་ཇུས”བཟོ་བར་རམ་འདེགས་ཐུབ་ནས་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་ཐུབ།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི“བོད་གློག་ཕྱིར་གཏོང”གི་ཁྱབ་ཁོངས་དེ་རང་རྒྱལ་གྱི་ཧྭ་ཏུང་དང་། ཧྭ་ཀྲུང་། ཧྭ་པེ། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཁྱབ་ནས་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་150ལྷག་ཙམ་ཟིན་པ་དང་སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཆུ་ཚོད་ཆན་ཝ་དུང་ཕྱུར་200ཟིན་རྒྱུ་རེད། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བསྡུར་ཚད་ཀྱི་བཟུང་ཚད་98%ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་ཚད་བཟུང་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད།

    མཚོ་སྔོན་དང་བོད་ཀྱི་གློག་དྲའི་གློག་ཤུགས་ཀྱི་ཆད་ལྷག་གསབ་རེས་ནུས་པ་ཆེ་རུ་གཏོང་བ་དང་། བོད་ཀྱི་གློག་དྲའི་ཐེག་ཚད་འཕར་བའི་དགོས་མཁོ་སྔར་བས་སྐོང་བ། བོད་དབུས་གློག་དྲའི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཆུང་དུ་ནུས་ལྡན་གཏོང་བ་བཅས་བྱ་ཆེད། འདི་ལོའི་ལོ་སྟོད་དུ་མ་འཇོག་བསྡོམས་སྒོར་དུང་ཕྱུར་26ཙམ་བྱས་པའི་མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭར་ཞིབ་མཆན་ཐོབ་ནས་ལས་འགོ་བཙུགས་པ་རེད། དེའི་ནང་མཚོ་སྔོན་གོར་མོའི་གློག་བརྗེ་སྒྱུར་ས་ཚིགས་དང་བོད་ལྗོངས་ལྷ་སའི་གློག་བརྗེ་སྒྱུར་ས་ཚིགས་རྒྱས་སྐྲུན་དང་། བོད་དབུས་ཀྱི་ཀྲའོ་ཧྥ་200ཡི་སྙོམས་སྒྲིག་གློག་འཕྲུལ་གྱི་ལས་གྲྭ་འཛུགས་སྐྲུན། ཆན་ཧྥུའུ་220ཡི་ལེ་ལག་ཚང་བའི་གློག་ལམ་གསར་སྐྲུན། བར་ཆོད་རྒྱས་སྐྲུན་ལས་གྲྭ་བཅས་ཚུད་ཡོད།

    དམངས་འཚོ་འགན་ལེན་ལ་དམིགས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ནུས་རྒྱུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ།

    འདི་ལོའི་ཟླ་7ཚེས་7ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཡོལ་ཙམ་ལ། དྲ་སྦྲེལ་གློག་སྒམ་གྱི་གློག་སྒོ་ཕྱེ་བ་དང་ཆབས་ཅིག་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་བོད་ལྗོངས་གཏིང་སྐྱེས་རྫོང་གི་ཀྲའོ་ཝ་50ཟིན་པའི་འོད་ཤུགས་གསོག་ནུས་རྣམ་གྲངས་ཀྱི་ཤོང་ཚད་ཧྲིལ་པོ་གློག་དྲ་སྦྲེལ་མཐུད་ཐུབ་སྟེ་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་གཏིང་སྐྱེས་རྫོང་གིས་ནུས་རྒྱུ་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ལེའུ་གསར་པ་ཞིག་བརྩམས་པ་མཚོན་གྱི་ཡོད།

    དེ་ནི་གཏིང་སྐྱེས་རྫོང་གི་འོད་ཤུགས་གློག་གཏོང་ཐོན་ལས་ཀྱི་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། རྒྱལ་མཁར་གྲོང་རྡལ་རྟ་ནག་གྲོང་ཚོའི་ས་ཁོངས་སུ་གནས་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.7བཏང་ཡོད། “རྣམ་གྲངས་ལག་བསྟར་བྱས་པ་དེས་ས་ཆའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་པ་མ་ཟད། མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད”ཅེས་གཏིང་སྐྱེས་རྫོང་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཧོ་ཐན་ཧུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ངལ་རྩོལ་ནུས་ཤུགས་འདོན་པ་དང་། འཕྲུལ་ཆས་སྒྲིག་ཆས་དང་ས་ཞིང་བོགས་གཏོང་བརྒྱུད་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཙམ་བྱུང་ཡོད། སླད་ཕྱིན་ཉི་ནུས་དྲོད་སྡུད་འཕྲུལ་ཆས་གཙང་བཟོ་བྱེད་པ་སོགས་ཀྱི་ཐད་མང་ཚོགས་ཞུགས་རྒྱུ་ཡིན་པས་ཡོང་འབབ་མང་དུ་འགྲོ་ངེས་རེད”ཅེས་བཤད།

    ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། སྐྱེ་ཁམས་འཚོ་གནས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། 2024ལོར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཡུལ་བབ་དང་བསྟུན་ཏེ་ནུས་རྒྱུ་གཙང་མའི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་བཏོན་ཡོད། བོད་དུ་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པས་དྲོད་རླངས་མཁོ་འདོན་བྱ་རྒྱུ་ནི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་དོན་ཆེན་གྲས་ཤིག་རེད།

    འདི་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སོགས་ཚོད་ལྟའི་རྫོང(ཆུས)7གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་37.8བཏང་ཡོད། ལོ་ཕྱེད་ལྷག་ཙམ་རིང་གྲ་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད། མཚོ་ཆེན་རྫོང་དུ་སྔོན་ལ་ལས་མཇུག་འགྲིལ་བ་དང་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་29ཟིན་པ་དེ་དག་སྲིད་གཞུང་དང་། སློབ་གྲྭ སྨན་ཁང་། གྲོང་ཁུལ་གྱི་གྲོང་མིའི་སྡོད་ཁང་བཅས་ལ་ཁྱབ་ནས་མིག་སྔར་ཚོད་ལྟའི་འཁོར་རྒྱུག་གི་དུས་མཚམས་སུ་སླེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་རྫོང(ཆུས)ཡོངས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་དེ་སང་ལོའི་ལོ་སྟོད་དུ་ཚང་མ་བསྐྲུན་རྒྱུ་དང་ཕན་པ་ཐོབ་མཁན་མི་ཁྲི་20ཙམ་མང་དུ་འགྲོ་རྒྱུ་རེད། “འབྱུང་འགྱུར་ང་ཚོས་དྲོད་རླངས་མཁོ་འདོན་བྱེད་ཁྱོན་རིམ་བཞིན་ཆེ་རུ་བཏང་ནས་ནུས་རྒྱུ་གཙང་མས་དུད་ཚང་ཁྲི་སྟོང་མང་པོར‘འོད་དང་དྲོད’མཁོ་འདོན་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ཆེད་དོན་ཚན་ཁག་གི་ལས་དོན་པ་ཀྲང་ཁྲའོ་ཡིས་བཤད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་དང་དམངས་འཚོར་ཕན་འདོགས་པའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པས“ལས་གྲྭ་གཅིག་འཛུགས་སྐྲུན་བྱེད་པ་དང་། ཡུག་ཁུལ་གཅིག་གི་ཁོར་ཡུག་ལེགས་སུ་གཏོང་བ། ཡུལ་ཕྱོགས་གཅིག་གི་མི་སེར་ལ་བདེ་སྐྱིད་སྐྲུན་པ། ཡུལ་ཕྱོགས་གཅིག་གི་ཞི་མཐུན་གཏོད་པ”བཅས་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། མི་རིང་བར་གཞི་ཁྱོན་ཅན་དང་གཅིག་སྡུད་ཅན་གྱི་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་གོ་རིམ་ལྡན་པའི་ངང་ལག་བསྟར་ཐུབ་ནས་གངས་ལྗོངས་ས་མཐོའི་ཁྱིམ་ཚང་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་ཡིད་ཆེས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།