སྡེ་ཚན་གསུམ་གྱིས་མཉམ་དུ་ཡིག་ཆ་བཀྲམ་པ།
ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ།
ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཞུང་དོན་ཐིང་དང་། སྤྱི་བདེ་པུའུ་གཞུང་དོན་ཐིང་། སྐྱེ་ཁམས་ཁོར་ཡུག་པུའུ་གཞུང་དོན་ཐིང་བཅས་ཀྱིས《ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་གྱོད་གཞི་ཞིབ་གཅོད་བྱེད་པའི་དཔང་རྟགས་མཛུབ་ཁྲིད》(གཤམ་དུ《མཛུབ་ཁྲིད》ཅེས་བསྡུ་རྒྱུ)བཀྲམ་ཞིང་། 《མཛུབ་ཁྲིད》ནང་དཀར་ཆག་ཅན་གྱི་དཔང་རྟགས་གསལ་ཐོར་བརྟེན་ནས་སྤྱི་བདེ་ལས་ཁུངས་ལ་དཔང་རྟགས་ཚད་ལྡན་དང་ནུས་ཆེའི་ངང་ལེན་པར་ཁྲིད་སྟོན་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་བཤེར་བྱེད་པའི་གཙོ་གནད་དང་ཁ་ཕྱོགས་སྔར་བས་ཁ་གསལ་བཟོས་ནས་ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད།
《མཛུབ་ཁྲིད》ནང་། ཉེས་གསོག་གི་དངོས་ཡོད་ཕྱོགས་ཀྱི་དཔང་རྟགས་འཚོལ་བསྡུ་དང་ཞིབ་བཤེར་བྱེད་པར་མཐོང་ཆེན་གྱིས་སྦགས་བཙོག་དངོས་པོའི་ཞིབ་ཕྲའི་རིགས་རྩད་ཆོད་ཁ་གསལ་བྱས་ནས། ཉེས་གསོག་དོགས་ཅན་གྱིས་སྦགས་བཙོག་འབུད་པ་དང་གཤོ་བའམ་ཡང་ན་ཉེས་གསོག་བྱེད་སྤྱོད་སྤེལ་བ་ར་སྤྲོད་བྱེད་དགོས་པ་མ་ཟད། 《ཁོར་ཡུག་སྦགས་བཙོག་གི་ཉེས་དོན་གྱོད་གཞི་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》ནང་འཁོད་པའི“ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོ་བ”དང་། “བྱས་ཉེས་ཚབས་ཆེ་བ” “བྱས་ཉེས་ཚབས་ཧ་ཅང་ཆེ་བ”བཅས་ཀྱི་གནས་ཚུལ་དང་མཐུན་དགོས་པ་ཁ་གསལ་བཏོན་ཡོད། ད་དུང《མཛུབ་ཁྲིད》ནང་སྦགས་བཙོག་འབུད་པ་དང་། གཤོ་བ། ཐག་གཅོད་བཅས་ཀྱི་བྱེད་སྤྱོད་དང་ཁོར་ཡུག་སྦགས་བཙོག་དབར་གྱི་རྒྱུ་དང་འབྲས་བུའི་འབྲེལ་བ་དབྱེ་འབྱེད་བྱེད་པར་དོ་སྣང་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།