དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་ཚང་མ་ནི་མེས་རྒྱལ་གྱི་མཐའ་མཚམས་སྲུང་མཁན་ཡིན།

    གངས་ལྗོངས་ས་མཐོར་བསྐྱོད་པ། (སྨད་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེང་ཡུས་ལེ།   |     སྤེལ་དུས།  2024-11-05

    འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་པ་ནི་ས་མཐོའི་རི་ཁུལ་ཙམ་མིན་པར་ས་མཐོའི་མང་ཚོགས་ཀྱི་སྙིང་སྟོབས་ཀྱི་མཐོ་ས་དེ་བས་ཀྱང་རེད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཕུ་མ་བྱང་ཐང་ཤང་དུ་ཡུན་རིང་མ་བསྡད་ཀྱང་བརྗིད་ཆགས་ཀྱི་རི་ཚོགས་དང་། རབ་ཏུ་ཚ་བའི་ཉི་འོད། སྤྲིན་གྱི་རྒྱ་མཚོ། དྲག་ཆར་རླུང་འཚུབ། ཁ་བ་བུ་ཡུག་བཅས་ལས་གྲུབ་པའི་འཛམ་གླིང་ཡང་རྩེ་ཁོ་ནར་ཡོད་པའི་ངོ་མཚར་ངང་གིས་ཚོར་ཐུབ།

    བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཕུ་མ་བྱང་ཐང་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་ཞིང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། གནས་དེར་དགུན་ཁ་ཁོ་ནར་ཟླ་བ་དགུ་ཡོད་ཅིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཟིན་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་ཟིན་གྱི་མེད། རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ནའང་དུད་ཚང་283གྱི་མང་ཚོགས་ཀྱིས་སྔར་བཞིན་དེ་གར་བརྟན་སྲུང་བྱས་ཏེ་ངལ་རྩོལ་དང་ཕྱུགས་འཚོས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས། ཁོང་ཚོ་ནི་གངས་ལྗོངས་ས་མཐོར་བཞད་པའི་སྐལ་བཟང་མེ་ཏོག་ལྟར་དཔའ་ངར་ཞུམ་མེད་ངང་འཚོ་བཞིན་ཡོད།

    འཚོ་གནས་དཀའ་ཁུལ་དུ་ཡུན་རིང་བརྟན་སྲུང་གི་དམ་བཅའ་སྲུང་བཞིན་ཡོད། ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཁུལ་དུ་གྲང་རླུང་འུར་འུར་དུ་ལྡང་བས་ན་ཀེ་རེར་ལངས་དགོས་བསམས་ཀྱང་ལངས་ཐབས་བྲལ་ཞིང་། གསོ་རླུང་ཧ་ཅང་དཀོན་པས་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་ཐབས་བྲལ། རྒྱུན་གཏན་གྱི་ལས་ཀ་ཕུད་མི་དམངས་ཉེན་རྟོག་པ་ཚོས་ད་དུང་ས་བབ་མཐོ་ཚད་སྨི་ལྔ་སྟོང་དྲུག་སྟོང་ཟིན་པའི་གངས་ཕུ་འཁྱག་རོམ་འཛེགས་ནས་སྐོར་གཡེང་བྱེད་དགོས་ཀྱི་ཡོད་པས། དེ་ནི་གཟུགས་པོར་ཚོད་བགམ་ནན་པོ་བྱེད་པ་ཞིག་ཡིན་ཞིང་། ཁོང་ཚོའི་སྐད་ཆ་དྲངས་ན“ཚེ་སྲོག་ཆུད་ཟོས་སུ་གཏོང་བ་ལས་དཀའ་བ་སྤྱད་ནས་ལང་ཚོའི་དཔལ་ཡོན་ངོམ་ན་ལེགས”ཞེས་པ་དེ་རེད། ས་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་ཏང་ཡོན་36དང་འབྲོག་ལས་ཚོགས་ཆུང་6གིས་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད། ཡུལ་མིས“འདི་གའི་མཐའ་མཚམས་ཀྱི་མི་སེར་རེ་རེ་ནི་སོ་དམག་རེ་རེ་དང་། ཁྱིམ་ཚང་རེ་རེ་ནི་སོ་ལྟ་ཁང་རེ་རེ་ཡིན་ལ། གྲོང་ཚོ་རེ་རེ་ནི་མཁར་རྫོང་རེ་རེ་ཡིན་པས། མཐའ་མཚམས་བརྟན་སྲུང་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན”ཞེས་བཤད།

    ས་མཐོར་ལས་ཀ་བྱེད་རིང་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ཀྱི་ལས་བྱེད་པས‘བོད་སྐྱོད་པ་རྒན་གྲས’ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    མིས་བརྒལ་མི་ཐུབ་པའི་ལ་དང་རྐང་པས་བགྲོད་མི་ཐུབ་པའི་ལམ་མེད། ས་བབ་ཇི་ཙམ་མཐོ་བ་དང་། བར་ཐག་ཇི་ཙམ་རིང་བ། ལམ་བུ་ཇི་ཙམ་ཉེན་ཁ་ཆེ་རུང་རྟག་ཏུ་རང་ཉིད་ཀྱི་ལང་ཚོ་དང་ལྷག་བསམ་བཟང་པོས་མཐའ་མཚམས་བརྟན་སྲུང་དང་། སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད་པས། མི་རྣམས་ལ་སེམས་འགུལ་དང་ལྕག་སྐུལ་ཐེབས་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཡང་རྩེར་ཀྲོང་ངེར་འགྱིང་པ་ནི་ས་མཐོའི་རི་བོ་ཙམ་མིན་པར་སྙིང་སྟོབས་ཀྱི་མཐོ་སའང་ཚུད་ཡོད་ལ། ལོ་ཟླའི་རི་མོར་འཁོད་པ་ནི་བྱ་སྤྱོད་རླབས་པོ་ཆེ་ཁོ་ན་ཙམ་མ་ཟད། མི་ཕལ་པའི་རླབས་ཆེན་གྱི་བྱ་སྤྱོད་དེ་བས་ཀྱང་ཡོད།

    མཐའ་ཁུལ་དར་ཚེ་མཐའ་མཚམས་དར་རྒྱས་ཡོང་བ་དང་། མཐའ་མཚམས་ཀྱི་མང་ཚོགས་ཕྱུག་པོ་ཆགས་ཚེ་མཐའ་མཚམས་སྲ་བརྟན་ཡོང་ཐུབ། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་གུས་བཀུར་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཡར་རྒྱས་ཀྱི་གསོན་ཤུགས་ལ་དེ་བས་གཅེས་སྤྲས་བྱེད་དགོས། “ས་ཁུང”ནས་སྤྱིལ་ཁང་བར་དང་། བདེ་སྡོད་ཁང་པ་ནས“འབྱོར་འབྲིང་ཁང་པའི”བར་གྱི་ཕུ་མ་བྱང་ཐང་ཤང་གི་ཁང་པའི“འགྱུར་ལྡོག”གིས་དུས་རབས་ཀྱི་འཕོ་འགྱུར་ཆེན་པོའི་བདེན་དཔང་བྱེད་བཞིན་ཡོད། ད་ཆ་ཁྱིམ་ཚང་ཚང་མར་དྲོད་རླངས་དང་གསོ་རླུང་མཁོ་འདོན་ཐུབ་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་ཆ་སྙོམས་ཚེ་ཚད་2011ལོའི་ལོ་45ནས་2021ལོའི་ལོ་54བར་རིང་དུ་ཕྱིན་ཡོད། དུས་བཞིར་ཤར་བགྲོད་འགན་ལེན་ཐུབ་པའི་ཆུ་གསུམ་ནས་ཡུལ་སྨད་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། འཕྲོད་བསྟེན་ཁང་དང་སློབ་གྲྭ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་གང་དགོས་འཛོམས་ཡོད། སྒོ་རྩིས་ཚོང་ཁང་དང་། མགྲོན་ཁང་། གསོལ་མགྲོན་ཁང་། དེ་བཞིན་འོ་ཇ་ཁང་སོགས་ཀྱང་དེ་གར་སྒོ་ཕྱེ་ཡོད་པས། ཡུལ་སྨད་ཤང་དེ་དེ་སྔའི“མི་གསུམ་ཤང”ནས་ད་ལྟའི་དུད་ཚང་67དང་མི་གྲངས་200ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཏེ། “མི་ཚང་མ་ནི་མེས་རྒྱལ་གྱི་མཐའ་མཚམས་སྲུང་མཁན་ཡིན”པ་རེད། རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱས་ཚེ། “འོད་སྟོང་འཕྲོ་བའི་བྱ་གཞག་གི་ཆུ་རྒྱུན་རིང་མོའི་ཁྲོད་སྐྱེ་བོ་མི་རེ་ངོ་རེ་ནི་འབད་འཐབ་པ་རེ་རེར”གྱུར་ཡོད།

    ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱེད་མྱོང་བའི་མི་དམངས་ཉེན་རྟོག་པ་ཞིག་གིས་མེས་རྒྱལ་གྱི་ཁྱིམ་གཞིས་ཆེན་པོར་བཅངས་པའི་བརྩེ་བ་ཟབ་མོ་དེ་ཁོང་གིས་བརྩམས་པའི《འཛམ་གླིང་ཡང་རྩེ》ཞེས་པའི་གླུ་གཞས་ཀྱི་ལམ་ནས་མཚོན་པར་བྱས་ཤིང་། གཞས་ཚིག་ནང“ཁྱེད་ནི་འཛམ་གླིང་གི་ཡང་རྩེར་གནས། གངས་འཁྱགས་དང་མཉམ་དུ་འགྲོཌ། ཡུལ་དུས་ཀྱི་ཀློང་དུ་བརྩེ་བས་གཏམས། རྒྱལ་གཅེས་ཀྱི་འགན་འཁྲི་གང་དེ། རང་ཉིད་ཀྱི་ཁྲག་རྒྱུན་ནང་འདྲེས་ནས། དད་སེམས་སུ་བསྒྱུར་ཏེ། གནམ་སྔོན་དགུང་དུ་འདེགས”ཞེས་འཁོད་ཡོད།

    (རྩོམ་པ་པོ་ནི་འདི་ག་ཚགས་པར་གྱི་དཔྱད་གཏམ་པུའི་རྩོམ་སྒྲིག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།