དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་སྐོར་གྲོང་རྡལ་ཆུང་ངུར་སྐད་གྲགས་ཆོད་པའི་རྡོ་ཁོག་བྱ་ཤ

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-04

    སི་ཁྲོན་ཉིན་རེའི་ཚགས་པར་ཁྲོན་བོད་ལམ་ཐིག་བཅར་འདྲི་ཚོགས་ཆུང་།

    ● བསྡོམས་རྩིས་ལ་གཞིགས་ན། ཀླུ་ནང་གྲོང་རྡལ་དུ་རྡོ་ཁོག་བྱ་ཤ་ཚོང་གཉེར་བྱེད་མཁན་ཁྱོན་ཚོང་དུད་28ཡོད།

    ● ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཀྱང་ཡིན་ཞིང་། མ་དངུལ་བསྡོམས་སྒོར་དུང་ཕྱུར་38ལྷག་ཙམ་བཏང་བ་དང་། 2017ལོའི་ཟླ་3པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།

    ཟླ་9ཚེས་2ཉིན། ཟ་མ་ཟ་བའི་དུས་སུ་སླེབས་མེད་ཀྱང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་ཟས་མཆོག་ཐོག་ཁང་རྡོ་ཁོག་བྱ་ཤ་ཟ་ཁང་གི་སྦྱིན་བདག་ལི་ཧྥང་གིས་དུས་ཚོད་དམ་འཛིན་བྱས་ནས་མདུན་སྟེགས་སུ་ཚལ་ཐོ་33བཞག་ཡོད། “33”ནི་ཟ་ཁང་ནང་གི་སྒྲོག་ཙེའི་གྲངས་ཀ་ཡིན་ཞིང་། ཚོང་རྒྱུག་པའི་སྐབས་སུ་ཉིན་གཅིག་ལ་སྒྲོག་ཙེ་རེར་སྐུ་མགྲོན་ཁག་གསུམ་ཙམ་ཡོང་གི་ཡོད།

    ཚོང་རྒྱུག་པོ་ཡོད་པ་ནི་ཟ་ཁང་གཅིག་ཙམ་མ་ཡིན་ཞིང་། རྒྱལ་ལམ་318ལམ་ཐིག་བརྒྱུད་ཉིང་ཁྲིའི་ས་ཁོངས་ཀྱི་ཀླུ་ནང་དུ་སླེབས་སྐབས། ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཞན་དག་གི་ཞིམ་ཟས་སྣ་ཚོགས་དང་མི་འདྲ་བར“ཀླུ་ནང་རྡོ་ཁོག་བྱ་ཤས”འདི་གའི་ཚོང་གཉེར་བཟུང་ཡོད་པ་ཁྱེད་ཀྱིས་ཤེས་ཐུབ། བྱ་ཤ་སོས་པ་དང་དཀར་པོ་ཆིག་ཐུབ་སོགས་རྒྱུ་ཆ་གཙོ་བོར་བྱེད་པ་དང་། ལུག་མཉེ་དང་འདྲེ་ཚེར་མ་སོགས་སྡེབ་སྦྱོར་རྒྱུ་ཆ་བསྣན་ཏེ་མེ་ཏོག་རྫོང་གི་རྡོ་ཁོག་ལ་བརྟེན་ནས་གཡོས་སྦྱོར་བྱས་པའི་ཚལ་རིགས་འདི་ནི་ས་གནས་དེ་གའི་སྐད་གྲགས་ཆོད་པའི་ལེགས་ཆའི་ཐོན་ལས་ལ་གྱུར་ཡོད། བསྡོམས་རྩིས་ལ་གཞིགས་ན། ཀླུ་ནང་གྲོང་རྡལ་དུ་རྡོ་ཁོག་བྱ་ཤ་ཚོང་གཉེར་བྱེད་མཁན་ཁྱོན་ཚོང་དུད་28ཡོད།

    “ལོ་བཅུ་ལྷག་ཙམ་གོང་། འདི་གར་རྡོ་ཁོག་བྱ་ཤའི་ཟ་ཁང་མང་པོ་དེ་འདྲ་མེད”ཅེས་ལི་ཧྥང་གིས་བརྗོད་པ་དང་། ཁོ་མོ་ནི་སི་ཁྲོན་པ་ཀྲུང་ནས་ཡིན་ཞིང་། 2012ལོར། ཨ་ནེ་ཆེ་བས་བཙུགས་པའི་རྒྱལ་ལམ་318ལམ་འགྲམ་གྱི་ཚོང་ཁང་ཆུང་ངུར་ཚོང་ཧ་ཅང་རྒྱུག་པོ་ཡོད་པ་མཐོང་འཕྲལ། ཁོ་མོ་ཡང་ཀླུ་ནང་དུ་ཡོང་ནས་སི་ཁྲོན་གྱི་ཞོར་ཟས་ཚོང་ཁང་བཙུགས་པ་རེད།

    རྒྱལ་ལམ་318ལམ་ཐིག་ནས་ཀླུ་ནང་གྲོང་རྡལ་བརྒྱུད་དེ་གསེར་སྐྱེམས་ལ་བརྒྱབ་ཚེ་གཞི་ནས་ཉིང་ཁྲི་གྲོང་ཁྱེར་དུ་འབྱོར་གྱི་ཡོད། དེར་བརྟེན། ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མང་ཆེ་བ་ཀླུ་ནང་དུ་ངལ་གསོ་རྒྱག་པ་དང་ཁ་ལག་ཟ་གི་ཡོད་པས་འདི་གར་རིམ་བཞིན་ས་ཚུགས་གལ་ཆེན་ཞིག་ཏུ་གྱུར། ལི་ཧྥང་གི་ཟ་ཁང་ཆུང་ངུར་སྦག་སྦག་གཏོང་མཁན་ཚོས་ཧ་ཅང་དགའ་པོ་བྱེད་ཅིང་། སྐབས་དེ་དུས་ཀླུ་ནང་གི་རྡོ་ཁོག་བྱ་ཤ་སྐད་གྲགས་ཕྲན་བུ་ཆོད་པ་དང་། མི་མང་པོས་ལི་ཧྥང་ལ་རྟག་ཏུ་ཚལ་རིགས་དེའི་སྐོར་འདྲི་གི་ཡོད། ཚོང་ལས་ཀྱི་གོ་སྐབས་ཚོར་བའི་ལི་ཧྥང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ཉིང་ཁྲི་ནས་བཟའ་བཅའི་རྒྱུ་ཆ་དང་རྡོ་ཁོག་ཉོས་པ་དང་། ད་ཆའང་རྡོ་ཁོག་བྱ་ཤ་ཚོང་གཉེར་གྱི་ལས་ལ་གཞོལ་བཞིན་ཡོད།

    ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཀྱང་ཡིན་ཞིང་། མ་དངུལ་བསྡོམས་སྒོར་དུང་ཕྱུར་38ལྷག་ཙམ་བཏང་བ་དང་། 2017ལོའི་ཟླ་3པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ཀྱི་ཡིད་དབང་འཕྲོག་ཤུགས་འདོན་གང་ཐུབ་བྱ་ཆེད། རྒྱལ་ལམ་318ལམ་འགྲམ་དུ་ཁ་ཐོར་དུ་གནས་པའི“ཀླུ་ནང་རྡོ་ཁོག་བྱ་ཤའི”གཉེར་སྐྱོང་དུད་ཚང་ཚང་མ་གྲོང་རྡལ་ཆུང་ངུར་གཅིག་སྡུད་བྱས་ཡོད། གྲོང་རྡལ་ཆུང་ངུའི་སྐད་གྲགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཚོང་པ་དེ་བས་མང་བ་འདི་གར་སླེབས་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀྱང་འདི་གར་ཡོང་ཡོད། “མི་མང་པོ་ཞིག་ཆེད་མངགས་ཀླུ་ནང་དུ་རྡོ་ཁོག་བྱ་ཤའི་བྲོ་བ་མྱོང་བར་ཡོང་གི་ཡོད”ཅེས་ལི་ཧྥང་གིས་བརྗོད་པ་དང་། དེའི་སྐོར་གླེང་སྐབས་ཁོ་མོར་སྤོབས་པ་ཆེན་པོ་སྐྱེ་གི་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་རིག་གནས་ཡུལ་སྐོར་ཁོའི་ལས་དོན་པ་ཞུས་ཝེ་ཡིས། ཡུལ་སྐོར་བས་མྱོང་བའི་རྡོ་ཁོག་བྱ་ཤའི་བྲོ་བ་ཐོག་མ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་བྲོ་བ་དེ་ཙམ་ཡག་པོ་མེད་ཚེ་གྲོང་རྡལ་གྱི་མིང་བྱང་ལ་ཤུགས་རྐྱེན་ཐེབས་སླ་བའི་ངོས་འཛིན་བྱེད་ཀྱི་ཡོད།

    2022ལོའི་ཟླ་6ཚེས་30ཉིན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། 《ཉིང་ཁྲིའི་ཀླུ་ནང་རྡོ་ཁོག་བྱ་ཤའི》ས་གནས་ཀྱི་ཚད་གཞི་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ཀླུ་ནང་རྡོ་ཁོག་བྱ་ཤའི་ཐ་སྙད་དང་། མཚན་ཉིད། བཟོ་རྩལ། བཟའ་བཏུང་ཞབས་ཞུའི་གོ་རིམ་སོགས་གཏན་འབེབས་བྱས་ཡོད།

    “འདི་ནི་རྡོ་ཁོག་བྱ་ཤའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་སྤུས་རྟགས་ཅན་དང་ཚད་ལྡན་ཅན་དུ་སྔར་བས་འགྱུར་བར་བྱས་ཏེ། རྡོ་ཁོག་བྱ་ཤའི་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་ཆེད་རེད”ཅེས་ཞུས་ཝེ་ཡིས་བརྗོད། ཚད་ལྡན་ཅན་དུ་འགྱུར་བ་བྱེད་པ་དེའང་ཀླུ་ནང་རྡོ་ཁོག་བྱ་ཤ་སྐད་གྲགས་ཆོད་པའི་ཐབས་མཆོག་ཅིག་རེད།

    ཀླུ་ནང་རྡོ་ཁོག་བྱ་ཤ་ད་དུང་མུ་མཐུད་སྐད་གྲགས་ཆོད་ངེས་རེད། འདི་ལོ། ལི་ཧྥང་གིས་ད་དུང་གྲོང་རྡལ་ཆུང་ངུའི་མཐོ་རིམ་གསོལ་མགྲོན་ཁང་ཞིག་གི་ཐོག་སོ་གསུམ་པའི་ལྗོངས་གཟིགས་སྟེགས་བུར་ཡན་ལག་ཟ་ཁང་ཞིག་བཙུགས་ཤིང་། ཁོ་མོས“དེ་གའི་ཡུལ་ལྗོངས་མཛེས་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་ཡག་པོ་ཡོད་པས་རིམ་པ་མི་འདྲ་བའི་སྐུ་མགྲོན་ཚོགས་པ་རྒྱ་ཆེར་གཏོང་བར་འཚམ་པོ་འདུག”ཅེས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།