བོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྤོ་རུང་བའི་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྤོ་རུང་བའི་རིག་དངོས་སྔོན་ཟོན་རང་བཞིན་གྱི་རྣམ་གྲངས་དང་། གྲངས་འཛིན་ཅན་གྱི་སྲུང་སྐྱོང་རྣམ་གྲངས། རིག་དངོས་ཉམས་གསོའི་རྣམ་གྲངས་བཅས་ཁྱོན་རྣམ་གྲངས་ཁག་56ལག་བསྟར་བྱས་པར་བསྡོམས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་3.2ཟིན་ཡོད་པ་རེད།
སྤོ་རུང་བའི་རིག་དངོས་ལ་སྔོན་ཟོན་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་དམིགས་ཏེ་བོད་ཀྱིས་འབྲས་སྤུངས་དགོན་དང་། དགའ་ལྡན་དགོན། ལྷ་ལྡན་གཙུག་ལག་ཁང་སོགས་ཀྱི་རྩ་ཆེའི་རིག་དངོས་ལ་སྔོན་ཟོན་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་ནས། དགོན་སྡེའི་སྤོ་རུང་བའི་རིག་དངོས་ཉར་ཚགས་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བ་དང་། བོད་ལྗོངས་རྟེན་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག་བཅས་ཀྱི་རྩ་ཆེའི་རིག་དངོས་ལ་སྔོན་ཟོན་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་ནས་འགྲེམས་སྟོན་ཁང་སོགས་སུ་ཉར་བའི་རིག་དངོས་ཉར་ཚགས་ཁོར་ཡུག་ཚད་ལོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད་པ་རེད།
རྩ་ཆེའི་རིག་དངོས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་བྱེད་པའི་ཐད་བོད་ཀྱིས་ཕོ་བྲང་པོ་ཏ་ལའི་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་གཞུང་ཚད་ལྡན་ཡིག་རིགས་གྲངས་འཛིན་ཅན་སྲུང་སྐྱོབ་དང་མངའ་རིས་གུ་གེ་རྒྱལ་རབས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་རིག་དངོས་ལ་ཕྱོགས་ཡོངས་ནས་ལྟ་བ་དང་། ཉར་ཚགས། དོ་དམ་བཅས་ཐུབ་ཡོད་པ་རེད།
སྤོ་རུང་བའི་རིག་དངོས་ཉམས་གསོ་བྱེད་པར་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དང་ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སོགས་དང་མཉམ་ལས་བྱས་ཏེ། ཕོ་བྲང་པོ་ཏ་ལའི་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་གཞུང་ཚད་ལྡན་ཡིག་རིགས་སྲུང་སྐྱོང་བེད་སྤྱོད་ལས་དོན་སྤེལ་ནས་ཏ་ལའི་ལོ་མའི་དཔེ་ཆར་འབུའི་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་ཟིན་པ་དང་། བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཀརྨ་པའི་བྲིས་ཐང་ཆེན་མོ་དང་ལྷོ་ཁ་ལྷ་ལུང་དགོན་དུ་ཉར་ཚགས་བྱས་པའི་ཆིང་རྒྱལ་རབས་ཀྱི་ཡིག་རིགས་སོགས་ཀྱི་ཉམས་གསོའི་རྣམ་གྲངས་ལག་བསྟར་བྱས་ཡོད་པ་རེད།
བསྡོམས་རྩིས་ལ་གཞིགས་ན། མིག་སྔར་བོད་དུ་རྟེན་མཛོད་ཁང་དང་། སྒྲིག་གཤོམ་ཁང་། དྲན་གསོ་ཁང་བཅས་སྣ་ཚོགས་ཁྱོན་43ཡོད་ཅིང་། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་2373ཡོད་པ་དང་། དེའི་ནང་རྟེན་མཛོད་ཁང་སོགས་སུ་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཐོ་འགོད་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པ་1006ཡོད། སྤོ་རུང་བའི་རིག་དངོས་ཁྲི་51(ཆ་ཚང)ལྷག་ཙམ་ཡོད་པ་དང་། དེའི་ནང་རྩ་ཆེའི་རིག་དངོས་ཁྲི་11.15(ཆ་ཚང)ཡོད་པ་རེད།