ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མཱ་ཆི་ཧྭ་ཡིས་བརྗོད་དོན།
དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱེད་ཀྱི་ཡིན།
2016ལོའི་ཟླ་7པར། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་འདེམས་གཏོང་བྱས་པའི་ཁག་བརྒྱད་པའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་སྣེ་ཁྲིད་པ་མཱ་ཆི་ཧྭ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བར་ཡོང་བ་རེད།
བོད་སྐྱོར་བྱེད་རིང་། མཱ་ཆི་ཧྭ་ཡིས་རང་འགུལ་ངང་བྱས་རྗེས་བཞག་པ་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་བས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”དང“ཕུལ་བྱུང་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཀྲེ་ཅང་ཞིང་ཨུད་རྩ་འཛུགས་པུས“ཀྲེ་ཅང་ཞིང་ཆེན་གྱི་འགན་འཁུར་བྱས་རྗེས་འཇོག་མཁན་ལས་བྱེད་པ་ཡག་པོར”བདམས་པ་རེད།
བོད་སྐྱོར་བྱེད་རིང་། མཱ་ཆི་ཧྭ་ཡིས་ལྷ་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་ཁུར་ནས་བོད་སྐྱོར་རྣམ་གྲངས་དང་། ཚོང་འགུགས་མ་འདྲེན་དང་། དེ་བཞིན་འཕྲོད་བསྟེན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལས་བགོས་འགན་གཉེར་བྱེད་ཀྱི་ཡོད།
ལས་ཀར་རྒྱུས་ལོན་གང་མགྱོགས་བྱ་ཆེད། མཱ་ཆི་ཧྭ་ཡིས་ས་མཐོའི་ལ་དུག་ཁྱད་བསད་བྱས་ཏེ་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་ཡོད། ལོ་གསུམ་རིང་མཱ་ཆི་ཧྭ་དང་ཚོགས་པས་རླངས་འཁོར་བཏང་ནས་ལྷ་རི་རྫོང་གི་སྲིད་འཛིན་གྲོང་ཚོ་122སུ་བསྐྱོད་ཅིང་། ཁོང་གིས“མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཚེ། གཞི་ནས་རྫོང་ཡོངས་ཀྱི་ཐོན་ལས་གྲུབ་ཆའི་བཀོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་ཐུབ་པ་དང་། མང་ཚོགས་དང་ཉེ་བཅར་བྱས་ཚེ། གཞི་ནས་ཁོང་ཚོའི་དགོས་མཁོ་དང་རེ་སྒུག་དངོས་འབྲེལ་ཤེས་ཐུབ”ཅེས་བརྗོད།
2016ལོར། མཱ་ཆི་ཧྭ་ཡིས་རང་སྐྱོང་ལྗོངས་ཀྱིས་དམངས་ཡོངས་ལ་ཐུམ་འབུའི་ནད་དབྱེ་བཤེར་གྱི་བྱ་སྤྱོད་སྤེལ་བའི་གོ་སྐབས་སྤྱད་ནས་བོད་སྐྱོར་སྨན་པ་དང་སྨན་གཡོག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་3.8ལ་ཐུམ་འབུའི་ནད་དབྱེ་བཤེར་དང་། ས་གནས་དེ་གའི་ཞིང་འབྲོག་པར་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད། ནད་ཕོག་ཚད་མཐོ་བའི་ཡུལ་ནད་དབྱེ་བཤེར་བྱས་ཏེ་ས་གནས་དེ་གའི་ནད་རིགས་ཀྱི་གནས་ཚུལ་ཕྱོགས་སྡོམ། ནད་རིགས་དང་ལོ་འཁོར་དབྱེ་ནས་ཞིང་འབྲོག་པ་དབུལ་པོར་རིན་མི་དགོས་པར་གཤགས་བཅོས་བཅས་བྱས་པར་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་རེད།
ལོ་གསུམ་རིང་ཁྱོན་བོད་སྐྱོར་རྣམ་གྲངས་ཁག་32དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.53བཀོད་སྒྲིག་བྱས་པས་ལོ་འཁོར་གྱི་བོད་སྐྱོར་རྣམ་གྲངས་ལས་འགོ་ཚུགས་ཚད་100%ཟིན་ཡོད། དེའི་ནང་། ལྷ་རི་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”མ་དངུལ་གཏོང་མང་ཤོས་ཀྱི་བོད་སྐྱོར་རྣམ་གྲངས་རྐྱང་པ་སྟེ། ཀྲེ་ཅང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་རི་རྫོང་མི་དམངས་སྨན་ཁང་གི་ནད་སྡོད་ཁང་ཆེན་བསྐྲུན་པ། གླིང་མཐིལ་ཤང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སོགས་རྣམ་གྲངས་ཁག་གཅིག་ལས་མཇུག་འགྲིལ་བ་རེད།
བོད་སྐྱོར་བྱེད་རིང་། མཱ་ཆི་ཧྭ་ཡིས་ཐོག་མཐའ་བར་གསུམ་དུ་ལྷ་རི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་ནས། རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ལས་དོན་ལ་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཡོད། ལོ་ལྟར་དཔྱིད་གསར་དུས་ཆེན་སོགས་ཀྱི་ངལ་གསོའི་རིང་། ཁོང་གིས་ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་གྱི་ཚན་པ་དང་རིམ་ཁག་སྤྱི་ཚོགས་སྟོབས་ཤུགས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཞུགས་རྒྱུའི་འབྲེལ་མཐུད་བྱས་ནས། ཁ་གཏད་བོད་སྐྱོར་འཆར་གཞི་ཕུད་པའི་མ་དངུལ་དང་དངོས་ཟོག་སྒོར་ཁྲི་1500ལྷག་ཙམ་བརྩོན་ལེན་བྱས་ཡོད། སྤེལ་རེས་ཚོགས་པ་ཁག་ཐེངས་10ལྷག་ཙམ་ལྷ་རི་རྫོང་དུ་དབུལ་སྐྱོར་འཚམས་འདྲིར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་རིར་ཀྲེ་ཅང་འབྲོག་ལས་ཀུང་སི་གཞིས་ཆགས་པར་བྱས་ཏེ་ལྷ་རིའི་འབྲི་གཡག་དང་བོད་ཕག་སོགས་ཁྲོམ་རར་འདོན་པར་སྐུལ་འདེད་བཏང་ཡོད། ཐའེ་ཀྲོའུ་གྲོང་ཁྱེར་རིམས་འགོག་ལྟེ་གནས་དང་ལྷ་རི་རྫོང་འཕྲོད་བསྟེན་ཅུས་དབར་འབྲོག་ཁུལ་གྱི་འཕྲོད་བསྟེན་སྨན་བཅོས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་རོགས་སྐྱོར་གྲོས་མཐུན་འཇོག་པར་མཐུན་སྦྱོར་བྱས་ཡོད། ཐའེ་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཁོངས་གཏོགས་ཀྱིས་སྨན་བཅོས་སྒྲིག་ཆས་ཉོ་བར་སྤྱོད་པའི་མ་དངུལ་སྒོར་ཁྲི་90ཞལ་འདེབས་རྒྱག་རྒྱུའི་བརྩོན་ལེན་བྱས་ཡོད། དབུན་ལིང་གྲོང་ཁྱེར་དང་། ཐེན་ཐའེ་རྫོང་། ཤན་ཅུས་རྫོང་བཅས་ཀྱི་མི་དམངས་སྨན་ཁང་དང་ལྷ་རི་རྫོང་མི་དམངས་སྨན་ཁང་དབར་རོགས་སྐྱོར་ཆ་སྒྲིག་བྱེད་པར་སྐུལ་འདེད་བཏང་བས།2018ལོར་ལྷ་རི་རྫོང་མི་དམངས་སྨན་ཁང་ཁ་པ་རིམ་པ་གཉིས་པའི་དཔྱད་ཞིབ་ལོན་པ་དང་། རྫོང་སྨན་རྩིས་ཁང་ཀ་པ་རིམ་པ་གཉིས་པའི་དཔྱད་ཞིབ་ལོན་ནས་གྲོང་ཁྱེར་ཡོངས་ཀྱི་ཀ་པ་རིམ་པ་གཉིས་པའི་རྫོང་རིམ་པའི་སྨན་ཁང་ཐོག་མར་གྱུར་པ་རེད།
ས་མཐོའི་སྟེང་གི་སྐལ་བཟང་མེ་ཏོག་ཇི་བཞིན་མཱ་ཆི་ཧྭ་ཡིས་ལྷ་རིར་གཞིས་ཚུགས་ཏེ་དཀའ་སྤྱད་འབད་འཐབ་དང་། འགན་འཁུར་ཕོད་པ། བྱ་སྤྱོད་དངོས་སྤེལ་བཅས་ཀྱི་ཐོག་ནས་ཐའེ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི“ཕུགས་བསམ་ལྡན་པ་དང་། དཀའ་སྡུག་ལ་མི་སྐྲག་པ། འབད་འཐབ་བྱེད་ནུས་པ”བཅས་ཀྱི་ཆབ་སྲིད་ཀྱི་རང་མདངས་མངོན་པར་བྱས་ཡོད་པ་རེད།