དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དག་པའི་སྲོལ་རྒྱུན་རྫ་བཟོའི་ལག་ཤེས་ལ་གསོན་ཤུགས་གསར་པ་རྒྱས་པ།

    མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ནས་སྤུས་ཀ་དག་པའི་ཅ་དངོས་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-04

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་གི་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

    རྒྱལ་ལམ་318བརྒྱུད་དེ་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་70ལྷག་ཙམ་བསྐྱོད་ཚེ།“གནམ་མཐའི་མལ་གྲོ”ཞེས་གྲགས་པའི་མལ་གྲོ་གུང་དཀར་རྫོང་དུ་སླེབས་ཀྱི་ཡོད། འདི་གར་ད་དུང་བོད་ཀྱི་མི་ཀུན་གྱིས་ཤེས་པའི་མཚོན་རྟགས་ཤིག་ཡོད་པ་ནི་དག་པའི་རྫ་བཟོའི་ལག་ཤེས་རེད། དེ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་ཤིག་རེད།

    རྫ་བཟོ་ཁང་དུ་སྐྱོད་སྐབས་རྫ་མཁན་འགའ་ཤས་ཤིག་དཀྱིལ་ཀྲུང་དུ་བསྡད་དེ་རྫ་ཆས་ལ་བཟོ་ལྟ་འདོན་པའམ་ཡང་ན་རི་མོ་བརྐོས་བཞིན་འདུག

    རྫ་ཆས་ཀྱིས་ས་མཐོའི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་བཟུང་ཡོད་ཅིང་། ལྟོ་ཆས་གཡོ་སྐོལ་དང་། འབྲུ་རིགས་ཉར་ཚགས། ཆང་སྙོལ་བ་དང་འཐུང་བ། ཟས་སྣོད། བཞུ་མར་སོགས་གང་ཞིག་ཡིན་རུང་རྫ་ཆས་དང་ཁ་འབྲལ་ཐབས་མེད།

    དག་པའི་རྫ་བཟོའི་ལག་ཤེས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་ནི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དང་གུང་དཀར་གྲོང་རྡལ་ནས་ལེན་གྱི་ཡོད། བཟོ་སྟངས་རྙོག་འཛིང་ཆེ་བ་དང་། འཇམ་ཤ་དོད་པ། བཟོ་ལྟ་ལེགས་པ། དྲོད་སྲུང་ཡུན་རིང་ཐུབ་པ་སོགས་ཀྱི་ཁྱད་ཆོས་མང་དག་ལྡན་པས། དག་པའི་རྫ་ཆས་སྔར་ནས་བཟུང་བོད་ཀྱི་མི་རྣམས་ཀྱིས་རྫ་ཆས་ཁྲོད་ཀྱི་རྩེ་གྲར་བརྩི་ཡི་ཡོད།

    སྲོལ་རྒྱུན་གྱི་དག་པའི་རྫ་ཆས་བཟོ་སྐབས་བོད་བཟོའི་སྣོད་ཆས་གཙོ་བོར་བཟུང་སྟེ་རྒྱུན་གཏན་འཚོ་བའི་ནང་མཁོ་ཆེ་བའི་རྫ་ཁོག་དང་། རྫ་སྐྱོགས། རྫ་ཕོར། ཁོག་ལྟིར་སོགས་བཟོ་ཡི་ཡོད་ལ། ད་དུང་མར་སྒག་དང་བསངས་ཕོར་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་བཟོ་རྩལ་ཐོན་རྫས་ཀྱང་བཟོ་ཡི་ཡོད་ཅིང་། དེ་དག་རང་རང་སོ་སོར་ཁྱད་ཆོས་ལྡན་ལ་བཟོ་ལྟའང་འདྲ་མིན་སྣ་ཚོགས་མཆིས། དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྫ་བཟོའི་ལག་ཤེས་ཐོན་རྫས་ཀྱི་སྣ་ཁ་18ནས་45བར་མང་དུ་ཕྱིན་ཡོད།

    རྫ་བཟོ་སྐབས་བརྒྱུད་རིམ་རྙོག་འཛིང་ཆེ་ཞིང་། རི་མོ་དང་བཟོ་ལྟ་སོགས་ཚང་མ་ལག་པས་འདོན་དགོས་ཀྱི་ཡོད། རྫ་བཟོའི་ལག་ཤེས་ནི་མི་རབས་ནས་མི་རབས་བར་ངག་ཐོག་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པས། རྫ་མཁན་གྱི་ལག་རྩལ་ལ་རེ་བ་ཧ་ཅང་མཐོ་པོ་ཡོད་ཅིང་། ག་ཚོད་སྦྱོང་ཐུབ་མིན་དེ་ངང་རྒྱུད་རིང་པོ་དང་རིག་པ་གསལ་པོ་ཡོད་མེད་ལ་རག་ལུས་ཡོད་སྟབས། རྫ་མཁན་སོ་སོའི་བྱང་ཆ་ཡང་གཏན་ནས་འདྲ་ཡི་མེད།

    ད་ཆ་སྲོལ་རྒྱུན་གྱི་ལག་ཤེས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད།

    2019ལོར་ཅང་སུའུ་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་ཚོང་འགུག་མ་འདྲེན་བྱས་རྗེས། དག་པའི་རྫ་བཟོའི་ལག་ཤེས་ལ་ནན་ཅིང་རྫ་དང་དཀར་ཡོལ་བཟོ་རྩལ་དང་བྲིན་ཚོང་ཐབས་ལམ་གྱི་རྒྱབ་སྐྱོར་ཐོབ་པས། དག་པའི་རྫ་བཟོ་མཉམ་ལས་ཁང་གིས་སྣ་ཁ་གསར་པ་ཞིབ་སྤེལ་ཧུར་ཐག་བྱས་ཏེ་དེ་བས་ཡངས་པའི་ཁྲོམ་ར་འཚོལ་ཞིབ་བྱས། 2021ལོར་དག་པའི་རྫ་བཟོའི་མཉམ་ལས་ཁང་དང་ནན་ཅིང་སྨི་ཧྲེང་རྫ་དང་དཀར་ཡོལ་བཟོས་རྫས་ཚད་ཡོད་ཀུང་སིའི་དབར་མཉམ་ལས་གཏིང་ཟབ་བྱས་ཏེ་བོད་ལྗོངས་སྨི་ཧྲེང་དག་པ་རྫ་བཟོའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཚད་ཡོད་ཀུང་སི་བཙུགས།

    ནན་ཅིང་སྨི་ཧྲེང་ཀུང་སིས་ལོ་ལྟར་རྫ་བཟོའི་ལག་རྩལ་ཆེ་མོ་བ་བོད་དུ་བཟོ་རྩལ་ལ་མཛུབ་ཁྲིད་བྱེད་པར་བཏང་བ་དང་། དག་པ་རྫ་བཟོ་ཀུང་སིའི་རྫ་མཁན་9ཡིས་ཀྱང་ལག་རྩལ་སྦྱོང་འདོད་ཡོད་པའི་ན་གཞོན་ཚོར་གླ་ཡོན་མི་དགོས་པར་ལག་རྩལ་བསླབས།

    དེང་རབས་ལ་ཕྱོགས་པ་དང་འཚོ་བར་ཉམས་ཞིབ་བྱས་ཏེ་དག་པའི་རྫ་བཟོའི་ལག་ཤེས་ཀྱིས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་མཆིས།

    འགྲེམས་སྒྲོམ་ཐོག་ཏུ་རྫ་སྣོད་སྣ་ཚོགས་གྲལ་བསྟར་འགྲིག་པོར་བཞག་ཡོད་པའི་ཁྲོད་སྲོལ་རྒྱུན་གྱི་བོད་བཟོའི་ཁོག་ལྟིར་དང་། རྫ་ཁོག བཞུ་མར་སོགས་ཡོད་ལ། ད་དུང་དར་སོ་ཆེ་བའི་ཀོག་ཧྥེའི་པེ་ཙི་དང་ཟས་སྣོད་ཆ་སྒྲིག་སོགས་ཀྱང་ཡོད། ད་ཆ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་དེ་དག་ལ་སྣ་ཁ་གསར་པ་མང་དུ་ཤུགས་ཆེན་ཕྱིན་ཡོད། རྫ་སྣོད་དེ་དག་ལ་སྒོར་བརྒྱ་ལྷག་ཙམ་ནས་སྒོར་ཁྲི་བྱས་པ་སོགས་གོང་ཚད་འདྲ་མིན་སྣ་ཚོགས་ཡོད་པ་དང་རྒྱུན་གཏན་གྱི་ཐོན་རྫས་ཕུད་ད་དུང་རང་རང་གིས་མངགས་བཟོ་བྱེད་ཆོག་གི་ཡོད་པ་རེད།

    དག་པའི་རྫ་བཟོའི་ལག་ཤེས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་ལ་གསར་གཏོད་ལའང་སྣང་ཆེན་བྱེད་ཀྱི་ཡོད། ན་ནིང་བཏོན་པའི་རྫའི་ཇ་སྣོད་ཁག་དང་པོ་དེ་དག་བཟོ་ལྟ་གསར་ལ་ཚོན་མདངས་བཀྲ་བས་རི་པིན་དང་། ཧན་གོ ཡོ་རོབ། མེ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་ཏུ་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    “རྫ་བཟོ་སྟངས་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་དང་གཅིག་མཚུངས་རེད། དེ་དང་ཆབས་ཅིག་ང་ཚོས་རྫ་དང་དཀར་ཡོལ་བཟོ་སྟངས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་དེ་བས་སྤུས་ཀ་དག་པའི་ཐོན་རྫས་སྔར་ལས་མང་བ་བཏོན་ནས་ཁྲོམ་ར་དེ་བས་ཡངས་པ་གཏོད་རྒྱུར་གཞོལ་བཞིན་ཡོད”ཅེས་བོད་ལྗོངས་སྨི་ཧྲེང་དག་པ་རྫ་བཟོའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཚད་ཡོད་ཀུང་སིའི་འགན་འཁུར་བ་རིན་ཆེན་ཟླ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བརྗོད་པ་དང་ཁོང་གིས“ང་ཚོས་དག་པའི་རྫ་ཆས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སུ་འགྱུར་བའི་རེ་ཞུ་བྱེད་བཞིན་ཡོད། གོ་སྐབས་དེ་དང་བསྟུན་ནས་དག་པའི་རྫ་ཆས་ཀྱི་སྐད་གྲགས་དེ་བས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།