ཞི་ཅིན་ཕིང་གིས་སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་སི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། དུས་རབས་བཞི་ཆ་གསུམ་གྱི་འཕེལ་རྒྱས་བརྒྱུད། ཀྲུང་སིའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ང་ཚོས་ཀྲུང་སིའི་དབར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཐག་བཅད་པ་དེ་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཡོད་ལ། ཕྱོཌ་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་གསར་པ་ཡང་སྣོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཡ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་སིའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཕྱོགས་བཞིའི་ཐད་ནས་ཀྲུང་སིའི་དབར་གྱི་འབྲེལ་བའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་ཆོག་པ་སྟེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མཐོ་རིམ་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་རྒྱུ་དང་། གཉིས་ནས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། གསར་དུ་བཙུགས་པའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གང་ལེགས་སྤྱད་དེ་ནུས་རྒྱུ་གསར་པ་དང་། འགྲིམ་འགྲུལ་དང་ཟོག་འགྲེམས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆུའི་ཐོན་ཁུངས་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་དངོས་ཡོད་ཀྱི་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་སི་ལོ་ཝ་ཁེ་ཡར་མ་འཇོག་བྱེད་པར་འགྲོ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ལ། སི་ལོ་ཝ་ཁེ་ཡའི་ཁེ་ལས་ཀྲུང་གོར་ཁྲོམ་ར་གསར་འབྱེད་བྱེད་པར་ཡོང་བར་དགའ་བསུ་ཡང་ཞུ་རྒྱུ་ཡིན།
གསུམ་ནས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྲིད་ཏང་དང་། ས་གནས། གཞོན་ནུ། ཇུས་འདོན་ཚོགས་པ། སྨྱན་སྦྱོར་བཅས་དབར་སྤེལ་རེས་དང་སྐད་ཆ་ཤོད་རེས་ཀྱིས་ཁུང་ཙི་སློབ་གླིང་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་ཀྲུང་སི་རྒྱལ་ཁབ་གཉིས་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཡའི་སྤྱི་དམངས་ལ་ཉིན་15ཡི་ནང་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་གཏན་འབེབས་བྱེད་རྒྱུ། བཞི་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཟང་ཟིང་དང་རྙོག་འཛིང་ཆེ་བའི་འཛམ་གླིང་གི་མདུན་དུ་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་བསྟར་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ལས་དགོས་ངེས་ཀྱི་འཐུས་ཚང་དང་བརྟན་པོ་ཡོང་བ་མངོན་པར་བྱེད་དགོས། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོ་དང་ཡོ་རོབ་ཀྱི་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོར་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་སྲིད་ཇུས་སྤྱད་དེ། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད།
ཧྥེ་ཙུའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ད་རེས་ངས་ནང་བློན་ཁང་གི་ཁོངས་མི་གལ་ཆེན་དང་ཁེ་ལས་མཁས་ཅན་མང་པོ་ཚུད་པའི་འཐུས་མི་ཚོགས་པ་འབོར་ཆེན་ཁྲིད་ནས་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་དགེ་མཚན་ལྡན་པའི་འདུན་པ་མཚོན་ཆེད་ཡིན་ཞེས་གསུངས་པ་རེད།