དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཟི་ཚ་སྡེ་དགུ་ངོ་མཚར་སྟོང་གིས་ཕྱུག་པའི“བྱིས་སྒྲུང་གི་འཇིག་རྟེན”དུ་གྱུར་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-03

    གཟི་ཚ་སྡེ་དགུ་ནི་རང་བྱུང་ཁམས་ཆེན་མོའི་ཁྱད་དུ་འཕགས་པའི་གནང་སྦྱིན་ཞིག་ལགས། ལོ་དུང་ཕྱུར་2ལྷག་ཙམ་གོང་གི་བྲག་ལེབ་ཆགས་ཚུལ་གྱི་འགུལ་སྐྱོད་ཡིན་ནའང་འདྲ། ཡང་ན་གཞི་ཁྱོན་ཆེ་བའི་འཁྱགས་རོམ་གྱི་སྒུལ་སྐྱོད་དམ་ཡང་ན་ལོ་ཟླ་མང་པོ་བརྒྱུད་པའི་རྫས་འགྱུར་དིམ་དངོས་ཕུང་གསོག་ཐེབས་པ་ཡིན་ཡང་རུང་། དུས་ཡུན་རིང་པོའི་ནང་རྒྱུག་ཆུ་དང་། རྫས་འགྱུར་དིམ་དངོས། སྐྱེ་དངོས་སོགས་དེ་བས་ཞི་འཇམ་གྱི་སྟོབས་ཤུགས་ལ་བརྟེན་ནས་གཟི་ཚ་སྡེ་དགུར་བརྐོས་དཀྲོལ་ཞིབ་མོ་ཡང་ཡང་བྱས་མཐར། གཟི་ཚ་སྡེ་དགུ་ངོ་མཚར་སྟོང་གིས་ཕྱུག་པའི“བྱིས་སྒྲུང་གི་འཇིག་རྟེན”ཞིག་ཏུ་གྱུར་ཡོད།

    བར་སྣང་ནས་བལྟས་ན་ཧྲུའུ་ཀྲེང་རོང་དང་། རི་རྩ་རོང་། རྩེ་གྲ་རོང་བཅས་གསུམ་པོ“Y”དབྱིབས་ཀྱི་རྣམ་པའི་ཐོག་ནས་གཟི་ཚ་སྡེ་དགུའི་འབར་འབུར་གྱི་རི་རྒྱུད་དུ་ཆགས་ཤིང་། ཡུལ་སྐོར་བ་ཁྲི་ཕྲག་མང་པོ་སྤྱི་ལེ་40ལྷག་ཙམ་གྱི་གྲོག་རོང་དེའི་ནང་གནས་ཀྱང་གུ་དོག་པོ་མེད།

    ལྟ་སྐོར་རླངས་འཁོར་ལ་བསྡད་དེ“Y”དབྱིབས་ཀྱི་རྩེ་མོར་སླེབས་རྗེས། རིམ་པ་བཞིན་སྤྲོ་གསེང་ལྟ་སྐོར་བྱེད་སྐབས་མཚེའུ་དང་རྦབ་ཆུ་མང་པོ་ཞིག་མིག་ལམ་དུ་འཆར་འོང་། ཁ་དོག་སྣ་ལྔའི་རྫིང་བུ་དང་། དོམ་ཁྲའི་མཚེའུ། སྟག་གི་མཚེའུ། མེ་ཏོག་སྣ་ལྔའི་མཚེའུ་སོགས་ཚོན་མདོག་སྣ་མང་གི་མཚེའུ་གྲོག་རོང་ཁྲོད་ཆགས་ཤིང་། མུ་ཏིག་ཐང་རྦབ་ཆུ་དང་ཧྲུའུ་ཀྲེང་རྦབ་ཆུ་སོགས་ནགས་ཚལ་སྟུག་པོའི་ཁྲོད་གནས་པ་དང་མཛེས་ལྗོངས་བརྗིད་ཉམས་ལྡན་ལ་ལྟ་ན་སྡུག་པ་ཞིག་མཆིས།

    ད་ལོའི་རྒྱལ་སྟོན་གྱི་གུང་གསེང་རིང་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་མཁན་ཉིན་བཞི་བསྟུད་མར་མཛེས་ལྗོངས་ཁུལ་གྱི་འགྲུལ་པ་སྣེ་ལེན་ཐུབ་ཚད་མཐོ་ཤོས་ཏེ་མི་ཁྲི་4.1ཟིན་ཡོད། “2019ལོར་ང་ཚོས་གྲོག་རོང་གི་འཛུལ་སྒོའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་ཀྱི་རིམ་པ་མཐོ་རུ་བཏང་སྟེ་སྤ་སེ་ཞིབ་བཤེར་འཕྲུལ་ཆས་8ནས་32བར་མང་དུ་བཏང་ཡོད། རྒྱུན་ཆད་མེད་པར་འཁོར་སྐྱོད་དང་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད། མིག་སྔར་ཡུལ་སྐོར་བ་མང་ཤོས་ཀྱི་སྐབས་སུའང་མང་ཤོས་སུ་སྐར་མ་30ལས་སྒུག་མི་དགོས་པར་ལྟ་སྐོར་རླངས་འཁོར་བསྡད་དེ་གྲོག་རོང་དུ་སྤྲོ་གསེང་ལྟ་སྐོར་བྱེད་ཆོག་གི་ཡོད། ཚོན་མདོག་སྣ་མང་གི་ནགས་ཚལ་དུས་ཚིགས་འཆར་ཉེར་ཡོད་པས་སླར་ཡང་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་རྒྱུ་རེད”ཅེས་གཟི་ཚ་སྡེ་དགུ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུའུ་ཅེ་ཡིས་བཤད།

    ད་ཆ་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་དེ་སྔ་གནས་འདི་ཧ་གོ་མཁན་ཉུང་ཉུང་རེད། དུས་རབས་20པའི་ལོ་རབས་དྲུག་ཅུ་བདུན་ཅུའི་སྐབས་ཀྱི“ནགས་ཤིང་དཔལ་འབྱོར”གྱི་དུས་རབས་བརྒྱུད་རྗེས་གཟི་ཚ་སྡེ་དགུ་གཞི་ནས་མི་རྣམས་ཀྱིས་མཐོང་ལམ་དུ་མངོན་འགོ་ཚུགས། དེ་རྗེས་གོང་རིམ་སྡེ་ཚན་གྱིས་ཤིང་ནགས་གཅོད་མི་ཆོག་པ་དང་གཟི་ཚ་སྡེ་དགུའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་སྦྲགས། གཟི་ཚ་སྡེ་དགུར་ཡུལ་སྐོར་འཕེལ་རྒྱས་ཚད་ལྡན་གཏོང་བའི་ཆོག་མཆན་སྤྲད་པས“བྱིས་སྒྲུང་གི་འཇིག་རྟེན”དེར་གཞི་ནས་མི་རྣམས་ཀྱིས་རྒྱུས་ལོན་བྱེད་འགོ་ཚུགས།

    ད་ཆ་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཁྲེང(ཁྲེང་ཏུའུ)ཧོང(ཧོང་ཧྲེང་ཀོན)དུམ་བུ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཧོང་ལུང་གཟི་ཚ་སྡེ་དགུ་བབས་ཚུགས་སུ་གཏོང་བའི་ཤུགས་འགྲེམས་མེ་འཁོར་ནང་འགྲུལ་པ་སྡག་སྡག་ཁེངས་པ་དང“ཆུ་ཚོད་3རིང་གཟི་ཚ་སྡེ་དགུར་ཡུལ་སྐོར་བྱེད་པ”དང“ཉིན་གཅིག་ནང་གཟི་ཚ་སྡེ་དགུར་ཡུལ་སྐོར་བྱེད་པ”དེ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གཟི་ཚ་སྡེ་དགུའི་ཡུལ་སྐོར་རྣམ་པའི་མཚོན་རྟགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    “ལོ་ཉི་ཤུའི་གོང་ང་འདིར་ཐེངས་དང་པོ་ཡོང་སྐབས་རླངས་འཁོར་ལ་ཆུ་ཚོད་བརྒྱད་ལྷག་ཙམ་སྡོད་དགོས་བྱུང་ལ་ལམ་ཡང་ཡག་པོ་མི་འདུག འོན་ཏེ་གཟི་ཚ་སྡེ་དགུ་མཐོང་མ་ཐག་ངའི་ངལ་དུབ་རྦད་དེ་སེལ་སོང”གཟི་ཚ་སྡེ་དགུར་ཡུལ་སྐོར་དུ་ཡོང་ཐེངས་གསུམ་པ་ཡིན་པའི་ཀོང་ཀྲོའུ་ཡི་སྐུ་ཞབས་ལི་ལགས་ཀྱིས་འཛུམ་དམུལ་དམུལ་ངང་རང་ཉིད་ཀྱི་མྱོང་ཚོར་གླེང་བཞིན“ཐེངས་གཉིས་པ་དེ་ནི་2013ལོར་གནམ་གྲུར་བསྡད་ནས་ཡོང་བ་ཡིན། ད་ཐེངས་ནི་ཐེངས་གསུམ་པ་ཡིན། ཏག་ཏག་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ་དང་སྐབས་འཁེལ་བྱུང་། ཁྲེང་ཏུའུ་ནས་ཐོན་ཏེ་ཆུ་ཚོད་གསུམ་ཙམ་འགོར་རྗེས་གཟི་ཚ་སྡེ་དགུའི་གྲོག་རོང་གི་འཛུལ་སྒོར་འབྱོར་གྱི་འདུག་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་རིག་ལྡན་ཡུལ་སྐོར་གྱི་གྲངས་གཞི་ཆེན་པོའི་ཕྱོགས་བསྡུས་དོ་དམ་ལས་སྟེགས་ཀྱི་གྲངས་གཞི་བརྒྱུད་ཡུལ་སྐོར་བས་སྤ་སེ་མངགས་ཉོའི་མ་ལག་ཐོག་ཉིན་དེ་རང་དང་འབྱུང་འགྱུར་གཟའ་འཁོར་གཅིག་གི་ཡུལ་སྐོར་བས་སྤ་སེ་ཉོས་པའི་གནས་ཚུལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཆོག་ལ། སྤྲོ་གསེང་ལྟ་སྐོར་དུ་སྐྱོད་པའི་དུས་ཚོད་ཀྱང་རང་འདོད་བཞིན་གདམ་ག་བྱེད་ཆོག “ཡུལ་སྐོར་བྱེད་ཉུང་བའི་དུས་སུའང་ཡུལ་སྐོར་བ་མང་བ་དང་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་རིང་དུ་ཕྱིན་པ”ནི་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་རྟག་ཏུ་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་སྣེ་ཤན་པ་མཱ་ཅིན་པེའོ་ཡི་མྱོང་ཚོར་དངོས་ཡིན་ཞིང་། ཁོང་གིས“ཡུལ་སྐོར་བྱེད་ཉུང་བའི་དུས་སུའང་སྔོན་ཆད་ཀྱི་ཡུལ་སྐོར་བའི་གྲངས་འབོར་དང་བསྡུར་ན་ལྡབ་ཁ་ཤས་འཕར་བས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུའང་ཚོང་ཡག་པོ་འདུག”ཅེས་བཤད།

    “མིག་སྔར་གཟི་ཚ་སྡེ་དགུ་རྫོང་གིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ལྟེ་བར་བྱེད་པ་དང་། གནས་བཟང་རྫིང་བུ་དང་། བརྩེ་དུང་གི་མཚེའུ། རྫ་བ་མཚོ་དོམ་ཁྲའི་གླིང་། སྤྲེའུ་སྤུ་སེར་རོང་བཅས་མཛེས་ལྗོངས་ཁུལ་བཞི་སྣེ་ཁྲིད་དུ་བྱེད་པ། ཀྲུང་གོའི་སྔོ་ལྗང་མཛེས་ལྗོངས་ཁུལ་སོགས་སྤྲོ་གསེང་ཁུལ་གསུམ་གཞི་རྟེན་དུ་བྱེད་པའི‘1+4+3’གྱི་ཡུལ་སྐོར་བཀོད་པ་བསྐྲུན་པ་དང་། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག‘སྐྱེ་ཁམས་ལེགས་པའི་གཟི་ཚ་སྡེ་དགུའི’ཆེས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལམ་ཐིག་མགྱོགས་མྱུར་བསྐྲུན་ཏེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་གཟི་ཚ་སྡེ་དགུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཝུའེ་རེན་གྱིས་བརྗོད།

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།