ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།
འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བདེ་བླག་ངང་སླེབས་པ།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2024ལོའི་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་4དང་སྐར་མ་27ལ། ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མེ་སྤར་ཏེ་འཕེན་གཏོང་བྱས་ཤིང་། སྐར་མ་10ཙམ་སོང་རྗེས་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་ཁ་གྱེས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཚོའི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད།
ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས། པེ་ཅིང་གི་དུས་ཚོད་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་11དང་སྐར་མ་00ལ་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་གི་སྣེ་མོར་སྦྲེལ་མཐུད་བདེ་བླག་ཐུབ་པ་དང་། སྦྲེལ་མཐུད་བརྒྱུད་རིམ་ཧྲིལ་པོར་དུས་ཚོད་ཆུ་ཚོད་6.5ཙམ་འགོར་ཡོད། མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་སྒྲིག་ཆས་རང་བརྟེན་ངང་མགྱོཌ་མྱུར་འབྲེལ་མཐུད་ཐུབ་རྗེས་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་འཕུར་གྲུའི་ཕྱིར་ལོག་གྲུ་ཁང་ནས་འཁོར་ལམ་གྲུ་ཁང་དུ་འབྱོར་བ་རེད། པེ་ཅིང་གི་དུས་ཚོད་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་12དང་སྐར་མ་51ལ། འཁོར་ལམ་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས“ཁྱིམ་སྒོ”བདེ་བླག་ངང་ཕྱེ་ནས་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་པར་དགའ་བསུ་ཞུས་པ་རེད།