མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཁོར་བྱེད་འདེགས་སྒྲིག་མཐའ་མ་ལེཌ་གྲུབ་བྱུང་བ།
འདི་ནི་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་འཁོར་བྱེད་མཐའ་མ(ཨང་2པ)བདེ་བླག་ངང་འདེགས་སྒྲིག་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་འཁོར་བྱེད་མཐའ་མ(ཨང་2པ)བདེ་བླག་ངང་འདེགས་སྒྲིག་བྱས་པ་དང་སྦྲགས། མར་སྟེང་ཆུ་ཤུགས་གློག་ཁང་གི་ཆུ་འཁོར་གློག་གཏོང་འཕྲུལ་ཙུའུ་5པོ་ཚང་མ་འདེགས་སྒྲིག་ལེགས་གྲུབ་བྱུང་བ་རེད།
མར་སྟེང་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་སྟོད་རྒྱུད་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་སྒྲིག་སྦྱོར་འཕྲུལ་འཁོར་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་ཡིན་ལ། ཆུ་ཤུགས་གློག་ཁང་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་འབྲེལ་མཚམས་ཀྱི་རྨ་ཆུའི་ཆུ་གཞུང་དུ་གནས་པ་དང་། དེ་གར་ཆ་སྙོམས་ས་བབ་སྨི་3300ཟིན་གྱི་ཡོད་ལ་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་232ཟིན་ཞིང་། ཟླ་12པའི་ཟླ་མཇུག་ཏུ་འཕྲུལ་ཙུའུ་ཡོངས་ནས་གློག་གཏོང་རྩིས་ཡོད་པ་རེད།
མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་འཁོར་བྱེད་ཨང་2པ་སྒྲིག་སྦྱོར་བྱས་རྗེས་ཕྱི་ཟླུམ་གྱི་ཚངས་ཐིག་སྨི་12.8ཙམ་དང་། མཐོ་ཤོས་སྨི་3.08ཙམ། ཡར་འདེགས་ཀྱི་ལྗིད་ཚད་ཏུན་1050བཅས་ཟིན་ཞིང་། དེ་ནི་ཆུ་འཁོར་གློག་འདོན་འཕྲུལ་ཙུའུ་སྒྲིག་སྦྱོར་བྱེད་སྐབས་ལྗིད་འདེགས་ལྗིད་ཚད་ཆེ་ཤོས་འདེགས་སྒྲིག་བྱེད་པའི་ལྷུ་ལག་ཅིག་ཡིན་ལ། འཕྲུལ་ཙུའུ་ཡུན་རིང་དང་། བདེ་འཇགས། བརྟན་པོ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་བྱེད་པར་ཐད་ཀར་ཤུགས་རྐྱེན་ཐེབས་པའི་ལྷུ་ལག་གཙོ་བོ་ཞིག་ཀྱང་རེད།
གློག་ཁང་ནས་གློག་ཡོངས་སུ་གཏོང་འགོ་ཚུགས་རྗེས། ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་73.04ཟིན་ནས་ལོ་རེའི་གློག་སྤྱོད་ཚད་ཏུའུ་4000ཟིན་པའི་ཁྱིམ་ཚང་ཁྲི་182.5ཡི་རྒྱུན་གཏན་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།