དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་མི་རིགས་ཁག་གི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-02

    ཉེ་བའི་ལོ་གསུམ་ནང་། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ཁྱོན་3000བོད་དུ་བསྐྱོད་དེ་ཞབས་འདེགས་ཞུས་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་མི་རིགས་ཁག་གི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། མཐའ་སྟོབས་དང་། མཐའ་བརྟན། མཐའ་དར་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱས་ཚུལ་སྐོར་ངོ་སྤྲོད་བྱས་པ་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2018ལོ་ནས་2025ལོ་བར)》ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། “གཞོན་ནུ་ལོ་ཆུང་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས”ཁག་15བཏོན་ཡོད། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མའི་ལས་ཞུགས་རོགས་སྐྱོར་འཆར་གཞི་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་པའི“སྣེ་ཁྲིད་འཆར་གཞི”དང་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི“སྣེ་ཁྲིད་འཆར་གཞི” སློབ་གྲྭ་ཆེ་མོ་བ་དངོས་སྦྱོང་གི“གཡོར་གྲུའི་འཆར་གཞི”གུང་གཞོན་སྡེ་ཚོགས་ཀྱི“སློབ་གྲྭ་སྟོང་དང་ལས་གནས་ཁྲིའི”རིམ་བསྟར་ལས་བསྡུའི་འཆར་གཞི། སློབ་གྲྭ་ཆེ་མོ་བའི་གྲོང་གསེབ་ལས་གཏོད་ཀྱི་རོགས་སྐྱོར་འཆར་གཞི་བཅས་ལག་བསྟར་བྱས་ནས། གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་ལོ་ཆུང་གི་ལས་ཞུགས་ལས་གཏོད་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གྲོང་གསེབ་དར་རྒྱས་ཀྱི་ལང་ཚོའི་བྱས་རྗེས་འཇོག་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཞིང་འབྲོག་གཞོན་ནུ་891སྒྲིག་འཛུགས་ཀྱིས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། “ལང་ཚོ་ཀྲུང་གོའི་ཆེད་དུ་འབུལ་བའི”སྤྱི་ཕན་ཐད་གཏོང་བྱས་པ། ལྗོངས་ཡོངས་ཀྱི་མཐོ་སློབ་7གྱི་ཉིང་ལག་ཚོགས་པ་150ལྷག་ཙམ་སྐུལ་སློང་བྱས་ནས་དབྱར་གསེང་རིང་གི་གཤམ་སྤེལ་གསུམ་གྱི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ཡོད། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་བསྡུས་པ་དང་འབྲེལ་བོད་དུ་ཞབས་འདེགས་ཞུ་བར་སྐྱོད་པའི་ལས་དོན་སྤེལ་ཞིང་། ཉེ་བའི་ལོ་གསུམ་ནང་ཁྱོན་དང་བླངས་པ་3000ལྷག་ཙམ་བསྡུས་པ་དང་ལོ་ལྟར་དང་བླངས་པ་30%ཙམ་བོད་དུ་ལས་དོན་སྒྲུབ་པར་བསྡད་ཡོད། ཞལ་འདེབས་སྒོར་ཁྲི་5038ལྷག་ཙམ་དང་ལེན་བྱས་པར་གཞོན་ནུ་ལོ་ཆུང་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད། ཉེ་བའི་ལོ་3ནང་ལྗོངས་ཡོངས་ཀྱི་གཞོན་ནུ་དང་བླངས་པ་མི་ཐེངས་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་རིགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་3000ཙམ་སྤེལ་བ་དང་ལྗོན་ཤིང་རྐང་ཁྲི་10ལྷག་ཙམ་བཏབ་པ། འགྱིག་ཤོག་གད་སྙིགས་དང་ཆུ་ལམ་གྱི་གད་སྙིགས་སོགས་གད་སྙིགས་འགྱིག་ཕད་ཁྲི་2ལྷག་ཙམ་གཙང་སེལ་བྱས་པ། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་སྐུལ་སློང་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ནང་ཞུགས་ནས“ངས་ལྷོ་རི་བྱང་རིར་སྔོ་ལྗང་བརྒྱན་པའི”སྤྱི་ཕན་ཞལ་འདེབས་བྱེད་སྒོ་སྤེལ་བར་ཁྱོན་ཞལ་འདེབས་སྒོར་64546.17བྱུང་ཡོད།

    མཐའ་སྟོབས་དང་། མཐའ་བརྟན། མཐའ་དར་བཅས་ཀྱི་ཐད། མཐའ་མཚམས་རྫོང་དང་ཆུས་ལ་མི་རིགས་མཐུན་སྒྲིལ་གྱི་སྤེལ་རེས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བར་རྒྱབ་སྐྱོར་བྱས་ཏེ་དང་བླངས་ཞབས་ཞུའི་དཔུང་ཁག་དང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་160བཙུགས་ནས་མཐའ་སྲུང་དང་། མཐའ་བརྟན། མཐའ་དར་བཅས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་2800ལྷག་ཙམ་སྤེལ་བ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ནས་མཐའ་མཚམས་ས་ཁུལ་དུ་གུང་གཞོན་སྡེ་ཚོགས་རྩ་འཛུགས་1097བཙུགས་པ་དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་17000འཕེལ་རྒྱས་བཏང་བ། འོས་འདེམས་བྱས་ནས་གུང་གཞོན་སྡེ་ཚོགས་ནང་ཞུགས་ཚད་90%ཡན་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།