དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞུང་འཁྱོངས་གསར་འབྱེད་བྱེད་པར་རྩ་དོན་གལ་ཆེན་ངེས་པར་དུ་སྟངས་འཛིན་དང་ཐོག་མཐའ་བར་གསུམ་དུ་བརྟན་པོར་སྲུང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-11-02

    གཞུང་འཁྱོངས་དང་གསར་འབྱེད་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཅིག་ཡིན། གཞུང་འཁྱོངས་བྱས་ན། གཞི་ནས་གསར་འབྱེད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱ་རྒྱུ་འགན་ལེན་ཐུབ་པ་དང་། རྒྱུན་མཐུད་གསར་འབྱེད་བྱས་ན། གཞི་ནས་དེ་བས་ལེགས་པའི་སྒོ་ནས་གཞུང་འཁྱོངས་བྱེད་ཐུབ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞུང་འཁྱོངས་གསར་འབྱེད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་ཡོད་ལ། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་ཀྱི་སྤྱིའི་དམིགས་ཚད་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་ཚད་ཀྱིས་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས”ཞེས་གསུངས་ཡོད།

    ང་ཚོའི་སྒྱུར་བཅོས་ནི་ཁ་ཕྱོགས་དང་རྩ་དོན་ལྡན་པ་ཞིག་ཡིན། གང་ཞིག་སྒྱུར་བཅོས་བྱེད་པ་དང་གང་ཞིག་སྒྱུར་བཅོས་མི་བྱེད་པ། གང་དུ་སྒྱུར་བཅོས་བྱེད་པ་དང་ཇི་ལྟར་སྒྱུར་བཅོས་བྱེད་པ་བཅས་ཚང་མའི་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཐོག་གི་བསམ་ཤེས་ཅན་ཞིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དེ་དག་ཚང་མ་རྩ་བ་དང་། ཁ་ཕྱོགས། ཡུན་རིང་བཅས་ལ་གོ་ཆོད་པ་ཞིག་ཡིན། དེས་ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་པ་དང་། རང་རྒྱལ་གྱི་རྒྱལ་བབ་དང་མཐུན་ཞིང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང”ཞེས་ནན་བཤད་གནང་ཡོད། ང་ཚོས་སྒྱུར་བཅོས་ཀྱི་དར་ཆ་མཐོན་པོར་སྒྲེང་དགོས་མོད། འོན་ཀྱང་ང་ཚོའི་སྒྱུར་བཅོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་སྒྱུར་བཅོས་ཤིག་ཡིན་པས། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་མི་སྐྱོད་པ། སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ། སྒྱུར་བཅོས་བྱེད་མི་དགོས་པའི་རིགས་སྒྱུར་བཅོས་མི་བྱེད་པ་བཅས་བྱས་ཚེ། གཞི་ནས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་གྱི་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན་པ་ངེས་པར་དུ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་དགོས།

    ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དེ་ནི་སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བྱ་གཞག་གསར་རྐྱང་ཞིག་ཡིན་པ་དང་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་ཡོད་པས། མདུན་སྐྱོད་ཀྱི་ལམ་བུར་འགལ་བ་དང་། ཉེན་ཁ། འགྲན་སློང་བཅས་སྣ་ཚོགས་འཕྲད་སྲིད། བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་པའི་རྩ་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་མེད་པར་བཟོ་དགོས་ལ། སྒྱུར་བཅོས་དང་གསར་གཏོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས། འགྱུར་བ་མི་ཤེས་པ་དང་ངལ་བ་མི་སྤྱོད་པར་གློ་བུར་དུ་ཕན་འབྲས་ཐོབ་པའི་རེ་སྟོང་བཅངས་མི་རུང་། ང་ཚོས་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་དང་བློ་སྟོབས་ལ་བརྟེན་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ལ་བསྟུན་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་མངོན་པར་བྱེད་པ། ཕྱོགས་ཁག་གི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་སྐུལ་འདེད་གཏོང་བ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

    དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གཙོ་གནད་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྣེ་ཁྲིད་ཀྱང་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གསར་གཏོད་རང་བཞིན་གྱི་སྒོ་ནས“ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་དགོས”ཞེས་བཏོན་པ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་བཏོན་པའི་བར་གྱི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱུང་བ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད། རྒྱང་ལམ་གསར་པར་གཙོ་གནད་མུ་མཐུད་མངོན་པར་བྱས་ནས་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བའི་ལྟེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་མགྱོགས་མྱུར་གཏོད་པ་བཅས་བྱས་ཚེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཐུབ་པ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་ཐུབ་པ་མ་ཟད། ཐོན་སྐྱེད་ཀྱི་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་གྱི་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་དེ་བས་ལེགས་པའི་སྒོ་ནས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཐུབ།

    ང་ཚོས་བསྒྲུབས་པའི་བྱ་བ་ནི་སྔར་བྱུང་མ་མྱོང་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ལ། བསྐྱོད་པའི་ལམ་བུ་ནི་ཡང་དག་པ་ཞིག་ཀྱང་ཡིན། ལམ་བུ་དང་སྙིང་སྟོབས་མི་འགྱུར་བའི་ངེས་ཤུགས་ཆེན་པོ་རྒྱུན་འཁྱོངས་དང་། གསར་གཏོད་བྱེད་ཕོད་པ་དང་འགག་སྒྲོལ་བྱེད་ཕོད་པའི་ངར་ཤུགས་འཕེལ་བ། སྒྱུར་བཅོས་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། རང་རྒྱལ་གྱི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དཀའ་ཚེགས་ཁྲོད་ཞུམ་མེད་མདུན་སྐྱོད་ཐུབ་པར་སྐུལ་འདེད་ཀྱང་གཏོང་ཐུབ་ངེས་ཡིན།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།