མེས་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ།
—— དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ནུབ་རྒྱུད་ས་ཁུལ་གྱི་ལག་ལེན།
ས་བཟུང་མུའུ་ཁྲི་562ཟིན་པའི་རྨ་ཆུའི་འདམ་ར་ནི་འཛམ་གླིང་དུ་ཉར་ཚགས་ཡག་ཤོས་ཐུབ་པའི་འདམ་རའི་གྲས་ཤིག་ཡིན་པ་དེར“རྨ་ཆུའི་མཁལ་མ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། འདི་ནི་2022ལོའི་ཟླ་9ཚེས་17ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་ནས་པར་བླངས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩྭ་གསོ་འཁྱོངས་ཁུལ་གལ་ཆེན་དཔལ་བན་ཚང་འདམ་རའི་མཛེས་ལྗོངས་ཀྱི་ཟུར་ཞིག་ཡིན་པ།
འདི་ནི་2021ལོའི་ཟླ་10ཚེས་20ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་ཀླུ་ནག་གྲོང་ཚོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་གླིང་གི་སྐྱེ་ཁམས་བདག་སྐྱོང་བས་སྐོར་སྲུང་བྱེད་བཞིན་པ།
འདི་ནི་2024ལོའི་ཟླ་6ཚེས་22ཉིན་པར་བླངས་པའི་གསེར་གླིང་མཚོ་ཡིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནུབ་རྒྱུད་ས་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཅངས་ནས་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་བཅོས་སྐྱོང་མགྱོགས་སུ་གཏོང་བ་དང་། སྲུང་སྐྱོང་ཤུགས་ཆེར་གཏོང་བ། ལྗང་མདོག་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བ། ལྗང་མདོག་མུ་མཐུད་རྒྱ་སྐྱེད་དུ་གཏོང་བ། ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།
སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བ་ནས་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་བར་གྱི་འགྱུར་ལྡོག
ཆིན་ལིན་རི་བོས་ལྷོ་བྱང་འབྲེལ་མཐུད་བྱས་ནས་གནམ་འོག་མཛེས་པར་བརྒྱན་ཞིང་། དེ་ནི་རང་རྒྱལ་གྱི་ལྟེ་བའི་ཆུ་གསོག་མཐོ་ལྕོག་དང་ཀྲུང་ཧྭ་མི་རིགས་ཀྱི་མེས་པོའི་ཁྲག་རྒྱུན་དང་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཆིན་ལིན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཀྲུང་ཧྭ་མི་རིགས་དར་རྒྱས་ཉམས་པ་མེད་པ་འགན་ལེན་དང་། “ལོ་བརྒྱ་གཉིས་པའི”འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་མཚོན་ན་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། འོན་ཀྱང་དེ་སྔ་མི་ལ་ལས་འདི་ཉིད“སྒེར་གྱི་མེ་ཏོག་ལྡུམ་རར”བསྒྱུར་རྩིས་བྱས་ཏེ་སྤྲོ་ཁང་བཟོ་ལྟ་འདྲ་མིན་སྣ་ཚོགས་སྒྲིག་འགལ་ངང་བསྐྲུན་པ་ནི་རྨ་ཤུལ་རེ་རེ་དང་འདྲ་བར་ཆིན་ལིན་རི་འདབས་ཀྱི་སྔོ་ལྗང་མུག་བཟས་བཏང་ཡོད།
ཏང་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་འོག་ཆིན་ལིན་རི་བོའི་སྐྱེ་ཁམས་སྲུང་སྐྱོང་གི་གཡུལ་འགྱེད་རྒྱག་འགོ་ཚུགས་ཤིང་། སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་སྟར་པ་ཆིག་སྟོང་ལྷག་ཙམ་བཤིག་ནས་གྲོང་མིའི་སྤྱི་གླིང་བཟོས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁར་བཅོས་ནས་བསྐྱར་རྨོ་བྱས་པ། ཆ་ལག་ཚང་བའི་སྒོ་ནས་རི་བོ་བཅོས་སྐྱོང་དང་། སྲོལ་ཡིག་ལ་བརྟེན་ནས་རི་བོ་སྲུང་སྐྱོབ། འཆར་འགོད་བྱས་ནས་རི་བོར་དོ་དམ། རིག་ནུས་ལ་བརྟེན་ནས་རི་བོར་ཚོད་འཛིན་བཅས་ཀྱི་བྱེད་ཐབས་རྒྱུན་ཆད་མེད་པར་དོན་འཁྱོལ་ཞིབ་ཚགས་བྱས་པས། གཙོད་དང་དོམ་ཁྲ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དམར་ཕྱིའི་པར་ཆས་ནང་ཡང་ཡང་པར་ཐེབས་ཡོད།
ཆིན་ལིན་རི་བོའི་བྱང་རྒྱུད་དུ་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་བཤིག་ནས་ད་བར་ལོ་དྲུག་ཙམ་སོང་ཟིན། བསྐྱར་དུ་ཆིན་ལིན་རི་བོའི་བྱང་རྒྱུད་དུ་བཅར་འདྲིར་སྐྱོད་སྐབས། སྔོ་ལྗང་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ་གང་ས་ནས་མཐོང་ཐུབ། ཆིན་ལིན་རི་འདབས་ཀྱི་སྐོར་ལམ་ནས་ཐད་ཀར་མདུན་དུ་སྐྱོད་ཚེ་གྲོང་མིར་ཆེད་དུ་མཁོ་འདོན་བྱས་པའི་ངལ་གསོ་རྒྱག་ས་དང་སྣ་ཁ་འཛོམས་པའི་ཤིང་ཏོག་འཐུ་ས་དེའི་ཁྲོད་དུ་ཕྲ་རྒྱན་བཏབ་པ་ལྟར་དུ་གནས།
སྐྱེ་ཁམས་ལེགས་སུ་སོང་བས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ།
མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་ལྟ་སྐབས། རྨ་ཆུ་སྔོན་མོ་གྱ་གྱུའི་འགྲོས་དང་བཅས་ཏེ་མཛོད་དགེ་རྩྭ་ཐང་དུ་དལ་བུར་བཞུར། རྨ་ཆུའི་ཆུ་ལམ་བསྒྱུར་བ་དང་འཁྱགས་ས་ཞན་འགྱུར་སོགས་ཀྱི་རྐྱེན་པས། ཡུལ་དེའི་རྨ་ཆུའི་རྒྱུད་ཀྱི་རྩྭ་ཐང་ལ་སྐབས་ཤིག་རིང་སྐྱེ་ཁམས་ཀྱི་ཉམས་ཉེན་འཕྲད་ཡོད།
2014ལོར་སི་ཁྲོན་མཛོད་དགེ་རྫོང་གི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་120.46ཟིན་པ་དེས་རྫོང་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་གྱི་9.9%བཟུང་བ་དང་། ཡུལ་དེའི་མི་རྣམས་ཕྱུགས་རྫིར་འགྲོ་སྐབས་ཀྱང་མགོ་རས་ཀྱིས་བཏུམས་ནས་སྡོད་དགོས་ཀྱི་ཡོད།
རི་མཐོར་བྱེ་འགོག་རྒྱ་ལྕང་འཛུགས་པ་དང་། སྡོང་ཐུང་འཛུགས་པ། རྩྭ་འདེབས་པ། ལུད་རྒྱག་པ། ལྕགས་ར་བསྐོར་ནས་རྩྭ་ཁ་བཀག་སྟེ་བདག་སྐྱོང་བྱེད་པ་བཅས་ཟུང་དུ་འབྲེལ་བའི་ཉམས་གསོ་བཅོས་སྐྱོང་བྱེད་སྟངས་རྒྱུན་མཐུད་ལག་བསྟར་བྱས་པས་ཡུལ་དེའི་ས་ཆུ་ཤོར་བ་བཀག་འགོག་གང་འཚམ་ཐུབ་ནས་རྩྭ་ཐང་གིས་རྨ་ཆུའི་ཆུ་འགོ་གསབ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད།
རི་སྔོན་ཆུ་དྭངས་གསེབ་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་ལས་ནུབ་རྒྱུད་དུ་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བ་ནས་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་བར་འཚོལ་ཞིབ་ཟམ་མི་ཆད་པར་བྱས་པར་གསལ་འགྲེལ་གང་ལེགས་ཐུབ་ཡོད།
རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་བརྒྱབ་པས་ནུབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་བྱ་ཐབས་སྔར་བས་ཚན་རིག་དང་མཐུན་པར་གྱུར་ཡོད། རྒྱ་ཆེའི་ནུབ་རྒྱུད་ས་ཁུལ་གྱིས་བཏོད་པའི་བཅོས་སྐྱོང་ཉམས་གསོའི་ལམ་བུ་རེ་རེས་དུས་རབས་གསར་པའི་འཕེལ་རྒྱས་ལམ་བུར་ཡང་བློ་སྐྱེད་གསར་པ་བྱུང་ཡོད།
སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་ནས་སྐྱེ་ཁམས་ཀྱི་མཐོ་ས་བསྐྲུན་པ།
རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ནུབ་རྒྱུད་ས་ཁུལ་གྱིས་ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྲུང་སྐྱོང་གི་ངོ་མཚར་མང་པོ་བཏོད་ཡོད།
མཚོ་བོད་ས་མཐོ་ནི་འཛམ་གླིང་དུ་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། གཙོད་དང་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་འདི་གར་སྐྱེ་འཕེལ་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་ཆེ་གྲས་10ལྷག་ཙམ་འདི་ནས་རྒྱ་མཚོར་བཞུར་བཞིན་ཡོད། འདི་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་ལ། སྐྱེ་ཁམས་ཉམས་ཞན་ཁུལ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཁུལ་ཡང་རེད།
བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་གྱི་ཡོད། ཞོགས་པ་ཉི་མ་རྫོང་ནོར་བུ་གཡུལ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་ལྷུན་གྲུབ་ཀྱིས་ལམ་རྒྱགས་ཁྱེར་ནས་སྦག་སྦག་གི་སྣུམ་སྒོ་གཅུས་ནས་ཐོན།
སྐལ་བཟང་ལྷུན་གྲུབ་ཀྱིས“ཉིན་གཅིག་གི་སྐོར་སྲུང་ཁྱབ་ཁོངས་སྤྱི་ལེ་200ལྷག་ཙམ་ཡོད། ལམ་བར་དུ་ང་ཚོས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་རིགས་ཁྱུ་ཐོ་རྒྱག་གི་ཡོད” “བྱང་ཐང་གི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ཡང་ཇེ་མང་དུ་ཕྱིན་པས་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
མིག་སྔར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་ཡོད་པ་དེ་དག་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད། ནགས་ས་དང་། རྩྭ་ས། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་ཡག་པའི་ས་ཆའི་རིགས་སྤྱི་ལེ་ངོས་གྲུ་ཁྲི་108.11བར་རྒྱ་ཆེར་ཕྱིན་ཡོད་པ་རེད།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་དམངས་འདོད་ཡིན་ལ་དམངས་འཚོའང་ཡིན།
ས་སྲོད་ཀྱི་རླུང་བུ་རྨ་ཆུའི་ཆུ་འགོར་ལྡང་སྐབས་མིག་མདུན་གྱི་མཚོ་སྐྱ་རེངས་ཀྱི་ཆལ་ཆིལ་རླབས་ཀྱི་ཕྲེང་བར་ལྟ་བཞིན་ལོ་37ལ་སླེབས་པའི་སྐྱེ་ཁམས་བདག་སྐྱོང་བ་བདེ་མཆོག་རྒྱལ་ཕྱིར་དྲན་གྱི་ཀློང་དུ་ཚུད།
རྩྭ་ཆུ་བཟང་པོས་རྩྭ་ཐང་གི་བུ་ཕྲུག་དྲིན་གྱིས་སྐྱོང་བཞིན་ཡོད་ཀྱང་ནོར་ལུག་འཚོ་དྲགས་ན་སྐྱེ་ཁམས་ལ་ཉེན་ཁ་འབྱུང་སྲིད། དེ་སྔ“འཕྱི་བས་གང་སར་སྔོག་ནས་ཁྱིམ་གཞིས་བྱེ་སར་གྱུར་པ་དང་། ཆུ་འགོར་གནས་ཀྱང་ཆུ་འཐུང་རྒྱུ་མེད་པར་གྱུར་པ་སོགས་ཀྱི་རྐྱེན་པས་མི་རབས་ནས་མི་རབས་བར་རྩྭ་ཆུ་གང་བཟང་དུ་སྡོད་པའི་གཙང་གསུམ་ཆུ་འགོའི་འབྲོག་པ་རྣམས་སྤྱི་ལེ་བརྒྱ་ལྷག་ཙམ་ཆོད་པའི་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་དུ་མ་སྤོ་ཀ་མེད་དུ་གྱུར།
བདེ་མཆོག་རྒྱལ་གྱིས་ཕྱིར་དྲན་བྱེད་བཞིན་དུ་མ་གཞི་གྲོང་ཁྱེར་དུ་འཚོ་སྡོད་བྱས་ཀྱང་ཡུལ་མི་ཚོའི་སེམས་པ་སྔར་བཞིན་རྩྭ་ཐང་དུ་གནས་ཡོད། “དེ་ནི་ང་ཚོའི་ཕ་ཡུལ་དང་འབྲོག་པའི་རྩ་བ་ཡིན”ཞེས་བཤད།
2016ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དེས་བདེ་མཆོག་རྒྱལ་ཚུད་པའི་འབྲོག་པ་ཚོ“ཕ་ཡུལ་སྲུང་མཁན”གྱི་མིང་ཐོག་ནས་གཙང་གསུམ་ཆུ་འགོར་ལོག་ཐུབ་ཡོད། “རྨ་ཆུའི་ཆུ་འགོའི་ས་ཆ་གང་དུ་ཁྲུང་ཁྲུང་སྐེ་ནག་མང་ཤོས་ཡིན་པ་དང་། རྩྭ་ཐང་ཉམས་ཞན་ཆེ་ཤོས་གང་དུ་ཡིན་པ་ང་ཚོ་འབྲོག་པ་ལས་གསལ་བ་ཤེས་མཁན་མེད”
ད་ཆ་བདེ་མཆོག་རྒྱལ་དང་འདྲ་བའི་སྐྱེ་ཁམས་བདག་སྐྱོང་བ་ཁྲི་1.7ལྷག་ཙམ་གཙང་གསུམ་ཆུ་འགོའི་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཡོད། 2021ལོའི་ཟླ་10པར་གཙང་གསུམ་ཆུ་འགོ་ཚུད་པའི་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5དངོས་སུ་བཙུགས་པ་རེད།
བསྡོམས་རྩིས་གསར་ཤོས་ལས་མངོན་པར། གཙང་གསུམ་ཆུ་འགོའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་99%ཡན་ཟིན་པ་དང་ཆུ་དང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་309རྒྱ་ཆེར་ཕྱིན་ཡོད་པ་རེད།
སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། སྲུང་སྐྱོང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་སོང་བ། སྲུང་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད།
ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
ནུབ་རྒྱུད་དུ་རྒྱང་ཐག་ཇི་ཙམ་རིང་བ་བསྐྱོད་ན་དེ་ཙམ་གྱིས་ལྗང་མདོག་ཕྱོགས་སྟོན་དུ་འཛིན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལྟ་བ་དེ་མི་དེ་བས་མང་བས་དང་ལེན་བྱེད་བཞིན་ཡོད་པ་དང“ལྗང་མདོག”དེ་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩའི་ཐ་སྙད་ཅིག་ཏུ་འགྱུར་བཞིན་ཡོད་པའི་མྱོང་ཚོར་དེ་བས་གཏིང་ཟབ་ཡོང་ཐུབ།
རླངས་འཁོར་ལ་བསྡད་དེ་མདོ་ལ་རིང་མོའི་འདབས་ནས་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཅུས་ལུང་ལྕགས་རིགས་བསྲེས་མ་ཚད་ཡོད་ཀུང་སིར་སྐྱོད་སྐབས། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རེག་མི་རུང་བའི་མཐའ་ཚད་ཡིན་ཞེས་པའི་སྦྱར་ཡིག་དམར་པོ་ཞིག་མིག་ལམ་དུ་མངོན་འོང་།
མྱོང་ཚོར་ཟབ་མོ་ནི་སྣ་བསུན་ཟབ་མོ་ལས་བྱུང་ཞིང་། 2017ལོའི་ལོ་འགོར། ཀུང་སིའི་ལྕགས་རིགས་བསྲེས་མ་ཐོན་སྐྱེད་ཀྱི་ཚ་རླངས་ཁོར་ཡུག་སྲུང་སྐྱོང་འཕྲུལ་འཁོར་ནས་གཙང་སེལ་མ་བྱས་པར་ཐད་ཀར་འབུད་གཏོང་བྱས་པ་དམར་འདོན་བྱས་རྗེས་ཁེ་ལས་ཀྱི་འགན་འཁུར་བ་ཉེས་དོན་བཀག་ཉར་བྱས། གནས་ཚུལ་ཐོན་རྗེས་ཀུང་སིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་སྒྱུར་བཅོས་བྱས་པ་རེད། སྒྱུར་བཅོས་བྱས་རྗེས་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་དེ་ཚད་གཞི་ལས་དམའ་བ་དང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་དང་བཟོ་རྩལ་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ལ་བརྡ་ལན་དེ་བས་ལེགས་པ་ཞུ་ཆེད། ཁེ་ལས་དེས་ད་དུང་ན་ནིང་ཟླ་བ་8པར་ཚ་རླངས་ལྷག་མའི་གློག་གཏོང་རྣམ་གྲངས་ཀྱི་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད། ཀུང་སིའི་ཅིང་ལི་ལིའུ་ཅན་ཕིང་གིས“ཐཱན་གཉིས”འཐབ་ཇུས་ཀྱི་རྒྱབ་ལྗོངས་འོག་ལས་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་མ་ལོངས་པའི་ཁེ་ལས་བཙན་ཐབས་ཀྱིས་མཚམས་འཇོག་བྱས་པ་དང་བསྲེས་ལྷད་ཆེས་ཉུང་བའི་སྭེལ་ལྕགས་ཀྱི་ཁྲོམ་རའི་རིན་གོང་འཕར་བས་ཀུང་སིས་གོ་སྐབས་དེ་དམ་འཛིན་བྱས་པ་དང་འདས་ཟིན་པའི་ལོ་གཉིས་རིང་ཁེ་ལས་ཀྱི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒྱུར་བཅོས་མ་བྱས་གོང་ལས་ལྷག་པ་བྱུང་ཡོད།
སྔོན་ཆད་ཚ་རླངས་ཀྱི་དུ་ནག་ལང་ལོང་དུ་འཕྱུར་བ་ནས་དེང་སྐབས་ལྗང་མདོག“གཉིས་ཕན”བྱུང་བའི་བར་ལིའུ་ཅན་ཕིང་ལ“ལྗང་མདོག”ཏུ་གྱུར་ཚེ་གཞི་ནས་འཕེལ་རྒྱས་ཡོང་བ་མྱོང་ཚོར་བྱུང་ཡོད།
ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་དཔལ་འབྱོར་མ་ལག་བསྐྲུན་པ་དང་སྐྱེ་ཁམས་ཐོན་རྫས་རིན་ཐང་འཐུས་སྒོ་ཚང་དུ་བཏང་ནས་ལམ་སྲོལ་མངོན་འགྱུར་བྱེད་པ་སོགས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཟམ་མི་ཆད་པར་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཆབས་ཅིག་ནུབ་རྒྱུད་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེས་ཆེར་འཕེལ་ཡོད་པ་རེད།
ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ཕྱུག་འགྱུར་གྱི་ལྗང་མདོག་ཐོན་ལས་སུ་བསྒྱུར་བ་དང་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་སྐྱེ་ཁམས་ཞིང་ལས་དང་། སྐྱེ་ཁམས་བཟོ་ལས། སྐྱེ་ཁམས་ཡུལ་སྐོར་སོགས་སྐྱེ་ཁམས་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ནུབ་རྒྱུད་དུ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩར་སྔར་བས་གྱུར་བཞིན་ཡོད་པ་རེད།
ལྗང་མདོག་གི་ལམ་བུར་ཇི་ཙམ་སྐྱོད་པ་དེ་ཙམ་གྱི་ཡངས་སུ་འགྲོ་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འབོར་ཆེན་ཞིག་ནུབ་རྒྱུད་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ནུས་རྒྱུ་གསར་པའི་རླངས་འཁོར་དང་འོད་ཤུགས་གློག་རྫས་སོགས་ནུབ་རྒྱུད་ཐོན་ལས་ཀྱི་མིང་བྱང་གསར་པར་གྱུར་ཡོད་པ་རེད།
ཆུ་ཚད་མཐོ་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་འདེགས་སྐྱོར་བྱས་ནས་ནུབ་རྒྱུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་འགྲོ་ལམ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད། ནམ་མཁའ་གཡའ་དག་ཅིང་རི་སྔོན་ཆུ་དྭངས་ཀྱིས་བརྒྱན་པའི་ནུབ་རྒྱུད་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་ཕུལ་དང་འབུལ་བཞིན་ཡོད།