མལ་གྲོ་ཡི་སྟོན་ཉམས་། གསེར་མདོག་གི་ཞིང་ཁམས།
སྟོན་རླུང་འཇམ་པོ་མལ་གྲོའི་ཡུལ་དུ་ལྡང་། ས་མཐོའི་སྟོན་ལྗོངས་གསེར་གྱི་གཞོང་པ་འདྲ། རྫོགས་ལྡན་སྟོན་གྱི་ནམ་དུས་འདིར། སྲོང་བཙན་གྱི་ཕ་ཡུལ་དུ་གྲགས་པའི་མལ་གྲོར་སྐྱོད་སྐབས། རྒྱལ་ལམ་349འགྲམ་རྒྱུད་ཀྱི་ཞོལ་རོང་གཙང་པོས་ཤང་ཤང་གི་ཀུ་ཅོ་སྤངས་ནས་ལྷུང་ལྷུང་ངང་དལ་གྱིས་བཞུར་ཞིང་། བསིལ་རླུང་གི་རོལ་དབྱངས་ཁྲོད་ལྡེམ་ལྡེམ་གར་ལ་རོལ་བའི་ལྗོན་ཤིང་དང་། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་ལོ་མའི་ཚོགས་ཀྱིས་སྟོན་དུས་ཀྱི་གཙང་པོར་ཐུན་མིན་གྱི་མཛེས་རྒྱན་ཞིག་སྤྲས་པ་དང་ཀུན་ནས་མཚུངས།
གྲོང་གསེབ་ཁག་ཏུ་སྐྱོད་སྐབས། ལོ་མ་སེར་པོས་གཡོགས་པའི་གཞུང་ལམ་ནི་གདན་སེར་པོ་ཞིག་བཏིང་བ་དང་གཉིས་སུ་མེད། དེ་གར་འཆམ་འཆམ་དུ་སྐྱོད་ན། ལོ་འདབ་སེར་པོ་རྡོག་པས་བརྫིས་པའི་ཧྲག་ཧྲག་གི་སྒྲ་ལྷང་ལྷང་དུ་ཐོས་ཤིང་། ཤིང་རྩེར་བྱ་བྱེའུ་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་ངོམ་བཞིན་ཡོད་པ་དང་། ནགས་གསེབ་ནས་ཉི་འོད་ཀྱི་ཟེགས་མ་རབ་ཏུ་འཚེར་འོང་བས། དེས་ང་ཚོར་རེ་ཞིག་རྨི་ལམ་གྱི་ཞིང་ཁམས་སུ་སླེབས་པ་ལྟ་བུའི་སྣང་བ་ཞིག་སྦྱིན་འོང་།
སྟོན་ཐོག་བསྡུས་རྗེས་ཀྱི་ཡངས་པའི་ཞིང་ཐང་གྲུ་བཞི་ནི་འབྲོག་ར་ལྟ་བུར་གྱུར་ནས་ནོར་ལུག་གི་ཁྱུ་དག་བག་ཕེབས་ངང་རྩྭ་ལ་རོལ་བཞིན་ཡོད་ཅིང་། ཞིང་པ་ཁ་ཤས་ཀྱིས་ལོག་རྒྱག་པ་དང་། ཁ་ཤས་ཀྱིས་དགུན་གྲོ་འདེབས་ཀྱི་འདུག གཙང་འགྲམ་དུ་བུད་མེད་ཚོས་གྱོན་ཆས་འཁྲུད་ཀྱིན་སྐྱིད་སྣང་དོད་པའི་དགོད་སྒྲའི་ཀློང་དུ་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་མཆིས་པས། གང་ས་ནས་བག་ཕེབས་དང་འཚོ་བ་གསར་པའི་སྐྱིད་སྣང་མངོན་འོང་།
ཉི་མ་ལྕང་རྭ་ཤང་སྦྲུལ་མདའ་གྲོང་ཚོར་བུད་མེད་ཀྱིས་ཡོས་རྔོ་བ་དང་། སྐྱེས་པས་བརྔོས་ཟིན་པའི་ཡོས་དག་ཆུ་འཐག་ཏུ་དབོར་ནས་རྩམ་པ་བཏགས་པ་ན། གྲོང་སྡེ་ཡོངས་སུ་རེ་ཞིག་མངར་སང་སང་གི་དྲི་ཞིམ་གྱིས་ཁེངས། དེ་ནི་འཚོ་བའི་བྲོ་བ་རེད་ལ་མལ་གྲོའི་མི་དམངས་ཀྱིས་འཚོ་བ་གསར་པར་བཅངས་པའི་དགའ་ཞེན་ཡང་རེད།
མལ་གྲོའི་སྟོན་ཁ་ནི་ས་མཐོའི་ཡུལ་གྱི་མཛེས་པ་མ་ལུས་གཅིག་ཏུ་བསྡུས་པའི་རི་མོ་ཞིག་ལྟར་སྣང་ཞིང་། གང་ས་ནས་མི་དང་རང་བྱུང་ཁམས་མཉམ་གནས་གང་ལེགས་ཐུབ་པའི་རྣམ་པ་ཞིག་མངོན་ཡོང་། མལ་གྲོར་འབྱོར་ན་འདུ་འཛི་དང་འུར་ཟིང་མེད་པའི་དག་ཞིང་དུ་སླེབས་པ་ལྟར། སྐད་ཅིག་ཉིད་ལ་འཚོ་བའི་སྡུག་བསྔལ་དང་ཟང་ཟིང་དག་ངང་གིས་བརྗེད་དེ་ཚེ་སྲོག་གི་མཛེས་པ་དང་ངོ་མཚར་ཚོར་ཐུབ། ང་ཚོ་མལ་གྲོའི་ཡུལ་དུ་འགྲོ། ལུང་པ་དེ་གའི་སྟོན་ཉམས་དང་མཛེས་སྡུག་ལ་མྱོང་རོལ་བྱེད་པར་འགྲོ།