འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་ལོ་ངོ་སྟོང་རིང་མ་ཉམས་རྒྱུན་འཛིན་ཐུབ་པ།
མཚོ་བོད་ས་མཐོའི་དབུས་དཀྱིལ་དུ་གནས་པའི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ནག་ཆུ་ལ“གླིང་སྒྲུང་པའི་ཕ་ས”ཞེས་བརྗོད་ཀྱི་ཡོད་ལ། དེ་ནི་སྒྲུང་པ་མང་ཤོས་ཀྱི་བོད་ཀྱི་གྲོང་ཁྱེར་ཞིག་ཡིན་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་140ཡོད་པ་རེད། དེའི་ཁྲོད་ནས་གདང་ལའི་འདབས་སུ་གནས་པའི་ཨ་མདོ་རྫོང་ཁོ་ནར་སྒྲུང་པ་30ལྷག་ཙམ་ཡོད་ལ་རྫོང་དེ་ནི་ནག་ཆུའི་ཆུས་དང་རྫོང་11ཁྲོད་ཀྱི་སྒྲུང་པ་མང་ཤོས་ཀྱི་རྫོང་ཞིག་རེད།
ཨ་མདོ་རྫོང་གླིང་སྒྲུང་བཤད་སྦྱོང་ཁང་ནི་སྲིད་གཞུང་གིས་རོགས་སྐྱོར་བྱས་ནས་བཙུགས་པ་ཞིག་ཡིན་ཞིང་དེ་གར་སྤོས་ནས་ཡུན་རིང་སོང་མེད། ལྟད་མོ་བ་སྡོད་སའི་རྐུབ་སྟེགས་ཐོག་ཁ་གདན་བཏིང་ཡོད་པ་དང་གཞོགས་ཀྱི་འགྲེམས་སྒམ་ནང་ཨ་མདོ་རྫོང་གི་དུས་རབས་རིམ་བྱུང་གི་སྒྲུང་པ་ཚོའི་འདྲ་པར་བཤམས་ཡོད་པ་རེད། དབུས་ཀྱི་གར་སྟེགས་ཆུང་ཆུང་ཐོག་མཛེས་རྒྱན་སྤྲས་པའི་འཆད་ཁྲི་ཞིག་ཡོད་པ་དེའི་སྟེང་དཔལ་བྲོ་དང་དགའ་དགའ་གཉིས་བཞུགས་ནས་མི་རྣམས་ལ་གླིང་སྒྲུང་བཤད་ཀྱི་ཡོད་པ་རེད།
“ངས་ཆུང་དུས་ནས་གླིང་སྒྲུང་ཉན་པ་ཡིན། གེ་སར་རྒྱལ་པོ་ནི་ང་ཚོ་བོད་ཀྱི་དཔའ་རྒོད་ཅིག་སྟེ་བཙན་པོའི་གཉའ་གནོན་ལ་དཔའ་མི་ཞུམ་པ་དང་ཉམ་ཆུང་བྱམས་ཀྱིས་སྐྱོང་མཁན་དཔའ་བོ་དྲང་བདེན་ཞིག་ཡིན། གལ་སྲིད《གླིང་སྒྲུང》ལ་ཉན་པ་ཡིན་ན་གེ་སར་རྒྱལ་པོས་མི་དམངས་ལ་བྱ་བ་བཟང་པོ་ཅི་ཞིག་བསྒྲུབས་པ་དང་དེ་བཞིན་བྱ་བ་ངན་པ་བསྒྲུབས་ན་མཇུག་འབྲས་ཅི་འབྱུང་བ་དང་བྱ་བ་བཟང་པོ་བསྒྲུབས་ན་མཇུག་འབྲས་ཅི་འབྱུང་བ་ཤེས་ཐུབ” དཔའ་བྲོ་གླིང་སྒྲུང་བཤད་པར་ཧ་ཅང་དགའ་པོ་ཡོད་པ་རེད།
《གླིང་སྒྲུང》ལ་ཉུང་མཐར་ཡང་སྒྲུང་མི་འདྲ་བ་200ལྷག་ཡོད་པས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་ཡིག་ཚོགས་མང་ཤོས་ཀྱི་དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་སུ་གྱུར་ཡོད། གནའ་སྔ་མོ་ནས་ད་བར། དཔའ་བྲོ་ལྟ་བུའི་གཞོན་ནུ་མང་པོས་རྒན་རབས་པའི་ས་ནས་རྒྱུན་འཛིན་བྱས་ཏེ་དཔའ་བོའི་ལོ་རྒྱུས་སྙན་ངག་འདི་ཉིད་མི་རབས་ནས་མི་རབས་བར་མ་ཉམས་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད།
གླིང་སྒྲུང་ནི་མཚོ་བོད་ས་མཐོར་དར་ཁྱབ་ཧ་ཅང་ཆེ་ཞིང་ཀུན་གྱི་དགའ་བསུ་ཐོབ་པའི་ལོ་རྒྱུས་སྙན་ངག་ཅིག་རེད། ཁྲོམ་གཞུང་གི་ཇ་ཁང་དང་། ཤང་གྲོང་གི་གླིང་སྒྲུང་བཤད་སྦྱོང་ཁང་། དེ་བཞིན་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ། དུས་ཆེན། དགའ་སྟོན་སོགས་ཀྱི་སྐབས་སྒྲུང་པ་གདན་དྲངས་ནས་སྒྲུང་བཤད་ཀྱི་ཡོད། དུས་ཆེན་གལ་ཆེན་ཁག་གཅིག་རིང་། ཨ་མདོ་རྫོང་གླིང་སྒྲུང་བཤད་སྦྱོང་ཁང་དུ་ཆུ་ཚོད་12རིང་སྒྲུང་ཤོད་ཀྱི་ཡོད་པས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་ཉན་གྱི་ཡོད་པ་རེད།
ལྷག་པར་དུ་ལོ་རེའི་ཟླ་བརྒྱད་པའི་རྟ་རྒྱུག་སྐབས་སུ། མུ་མཐའ་མེད་པའི་རྩྭ་ཐང་དུ་ཕོ་གསར་ཚོ་རྟ་ཕོར་བཞོན་ནས་རྟ་རྩལ་ངོམ་ཞིང་། སྒྲུང་པ་ཚོས་གཟབ་མཆོར་སྤྲས་ནས་སྒྲུང་བཤད་དེ་དུས་ཆེན་ལ་དགའ་སྤྲོའི་རྣམ་པས་ཁེངས་པར་བྱས་ཡོད་པ་རེད།
གླིང་སྒྲུང་དེ་ལྟར་དར་ཁྱབ་ཆེ་བའི་ཁོར་ཡུག་ཁྲོད། དཔའ་བྲོ་ནི་ལྟད་མོ་བ་ཆུང་ཆུང་ཞིག་ནས་རིམ་བཞིན་ཁྲི་ཐོག་གི་སྒྲུང་པར་གྱུར་པ་རེད། ད་ཆ་ཁོང་གིས་སྒྲུང་མི་འདྲ་བ་བཅུ་གྲངས་ཤིག་བཤད་ཤེས་ཀྱི་ཡོད། “སྤྱིར་ན་ང་སྐྱོ་པོ་དེ་འདྲ་མེད། ཡིན་ན་ཡང་སྒྲུང་པ་གཞན་དང་བསྡུར་ན་ང་ད་དུང་སྐྱོ་པོ་རེད”ཅེས་ཁེངས་སྐྱུང་བྱེད་བཞིན་འཁྲིས་ཀྱི་དགའ་དགར་བལྟས་ནས“ཁོང་གིས་སྒྲུང་ལྔ་བཅུ་དྲུག་ཅུ་བཤད་ཤེས་ཀྱི་རེད”ཅེས་བཤད།
《གླིང་སྒྲུང》ནི་གནའ་བོའི་གྲངས་ཉུང་མི་རིགས་ལ་ཞིབ་འཇུག་བྱེད་པའི་ཤེས་བྱ་ཀུན་བཏུས་ལྟ་བུ་ཞིག་ཡིན་ལ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོ་ཡང་ཡིན་པས་རྒྱུན་འཛིན་གྱི་རིན་ཐང་ཆེན་པོ་ལྡན། དེར་བརྟེན་རྒྱལ་ཁབ་ཀྱིས་ལོ་རྒྱུས་སྙན་ངག་རིང་མོ《གླིང་སྒྲུང》སྲུང་སྐྱོང་དང་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ནས་ད་བར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྒྲུང་པ་གདན་དྲངས་ནས་གླིང་སྒྲུང་སྒྲ་འཇུག་དང་དེ་བཞིན་ལེགས་སྒྲིག་དང་། ཡིག་སྒྱུར། དཔེ་སྐྲུན་བཅས་བྱེད་ཀྱི་ཡོད་པ་རེད།
གསོན་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་རིང་མོ་འདི་འབྱུང་འགྱུར་ཡང་ན་གཞོན་མང་པོས་མི་རབས་ནས་མི་རབས་བར་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་ཡིན་པ་རེད།