ཡིད་ཆེས་བརྟན་གཏོང་དང་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་གཏོང་དང་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་བྱེད་དགོས”
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་སྟེ་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་མཐོང་ཆེན། རྣམ་པ་བཟང་པོ་གཏོད་པ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་། དགོངས་པ་གཏིང་ཟབ་པ། རྒྱས་བཤད་གནད་ལ་འཁེལ་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། རྒྱང་ལམ་གསར་པར་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་གནད་སྨིན་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་ལ་མཚོན་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
སྒྱུར་བཅོས་སྒོ་དབྱེར་ནམ་ཡང་ཚར་དུས་མེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ཡོད། ཏང་ཀྲུང་དབྱང་གིས་ད་ཐེངས་ཀྱི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་བསམ་སྦྱོར་སྔར་བས་གཅིག་གྱུར་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་དགོས་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན། ཚན་རིག་དང་མཐུན་པའི་བྱ་ཐབས་བཅས་སྔར་བས་ཁོང་དུ་ཆུད་པར་བྱེད་དགོས། སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྒྱུར་བཅོས་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་བློ་སྟོབས་དང་སྙིང་སྟོབས་བཅངས་ནས། ཕྱར་བ་གྲུ་འདེགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཡིད་ཆེས་བརྟན་གཏོང་དང་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བར་དང་ཐོག་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་ཡང་དག་དང་སྟངས་འཛིན་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པ་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་པ་དང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད་པས་དེར་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། དུས་རབས་གསར་པ་ཤར་ཚུན། སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་མཉམ་ཤུགས་ཆགས་པར་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པ་དང་། རྨང་གཞི་བརྟན་གཏོང་དང་། ལེགས་ཆ་འདོན་སྤེལ། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཧུར་ཐག་བྱས་ཏེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། སྒྱུར་བཅོས་ཁྲོད་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྔར་བས་བརྩི་སྲུང་ཞུ་དགོས་པའི“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ཆགས་པར་བྱེད་དགོས་པ་བཅས་རེད། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་སྟེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ཤུགས་རྐྱེན་ཟབ་མོ་ཐེབས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་སྐྲུན་ཐུབ་པ་དང“བྱས་རྗེས་ངོ་མཚར་ཆེན་པོ་གཉིས”མུ་མཐུད་རྩོམ་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།
དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ནི་རང་རྒྱལ་གྱི་སྒྱུར་བཅོས་འགག་སྒྲོལ་དུས་སྐབས་དང་རྙོག་འཛིང་ཆེ་སར་སླེབས་པའི་རྒྱབ་ལྗོངས་འོག་ཇུས་འགོད་བྱས་པ་དང་འབྲེལ་སྐུལ་འདེད་བཏང་བ་ཞིག་ཡིན་པ་དང་། ཁྱབ་རྒྱ་ཆེ་ལ། ཁེ་ཕན་དང་འབྲེལ་བ་ཟབ་པ། འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བ། འབྲེལ་བའི་རང་བཞིན་དང་མཉམ་འགུལ་རང་བཞིན་ཆེ་བ་སོགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་མངོན་ཡོད། རྙོག་འཛིང་ཆེ་སར་ཚད་བརྒལ་བྱེད་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཉེན་ཁ་གདོང་ལེན་བྱེད་ཕོད་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། རླབས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་དང་། ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་། འགྱུར་མེད་ཁེ་ཕན་གྱི་གནས་ལས་སྒྲོལ་བ། ཕྱོགས་མང་པོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ། སྒྱུར་བཅོས་དེ་ཆ་ཤས་འཚོལ་ཞིབ་དང་འཁྱགས་གཏོར་དཔུང་གཤག་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སུ་སྒྱུར་ཐུབ་པ་བྱེད་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཉམས་ཆེ་ཤོས་ཀྱི་ལེའུའི་གྲས་ཤིག་དང་། ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ནི་བདེན་པ་བདེན་ཐུབ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་ཞིག་རེད། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནི་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ལྡན་པའི་སྲིད་ཏང་ཞིག་ཡིན་པ་གང་ལེགས་མཚོན་པ་དང་། “གཏན་འཁེལ་གཉིས”ཀྱིས་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ད་ཆའི་ཀྲུང་གོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་། མདུན་སྐྱོད་ཇི་ཙམ་བྱས་ན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བ་དང་། མདུན་སྐྱོད་ཇི་ཙམ་བྱས་ན་དེ་ཙམ་གྱིས་ཉེན་ཁ་ཆེ་བ། མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་པ། མདུན་སྐྱོད་བྱེད་དགོས་ངེས་ཡིན་པ་བཅས་ཀྱི་དུས་སུ་སླེབས་ཡོད། འགྱུར་ལྡོག་དང་རྙོག་འཛིང་གི་ཁོར་ཡུག་ཁྲོད་མདུན་སྐྱོད་ཇི་ཙམ་བྱེད་དགོས་ཚེ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ། “རི་རྩེར་འཛེག་མ་ཐུབ་ན་མཚམས་མི་འཇོག་པའི”ངར་ཤུགས་ཐོག་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།