སྐྱེ་བོ་ཀུན་ལ་དབང་བའི་དྭངས་གཙང་གི་དྲ་རྒྱའི་བར་མཐོངས་ཤིག་བསྐྲུན་དགོས།
དྲང་བདེན་ནི་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་གལ་ཆེའི་ནང་དོན་ཞིག་ཡིན་ལ། མཉམ་སྦྲེལ་དྲ་རྒྱའི་ཁེ་ལས་ཀྱི་ལས་དོན་དོན་འཁྱོལ་ཡོང་བའི་རྨང་གཞིའི་ཆ་རྐྱེན་ཞིག་ཀྱང་ཡིན། དྲ་རྒྱ་དེ་ཉིད་ཆ་འཕྲིན་བརྒྱུད་བསྐུར་བྱེད་སའི་འཕྲིན་སྟེགས་ཞིག་ཡིན་པའི་ངོས་ནས། དྲང་བདེན་འཛུགས་སྐྱོང་བྱེད་རྒྱུ་ནི་འཕྲིན་སྟེགས་འདི་ཉིད་ཀྱི་ཡིད་ཆེས་ནུས་པ་དང་།སྣེ་འདྲེན་ནུས་པ། ཤུགས་རྐྱེན་ནུས་པ་སོགས་ཐོན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དྲ་རྒྱའི་དྲང་བདེན་དང་དྲ་རྒྱའི་བདེ་འཇགས་ནི་རང་རྒྱལ་གྱིས་རྒྱུན་དུ་ནས་དོ་འཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་དུ་ནན་བཤད་བྱེད་པའི་གནད་དོན་ཞིག་ཡིན་པས་དེའི་ཐོག་ནས་དྲ་རྒྱའི་དྲང་བདེན་གྱི་གལ་ཆེའི་རང་བཞིན་རྟོགས་ཐུབ།
སྲིད་གཞུང་གིས“དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཉིན་མོ”ཞེས་པའི་བྱེད་སྒོ་སྤེལ་བ་ནི་ཕྱོགས་ཡོངས་ནས་དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་དུ་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཡོངས་ཀྱི་ནུས་པ་གཅིག་ཏུ་འགྲིལ་ནས་དྲང་བདེན་དང་།ཁྲིམས་སྲུང་། རང་འགུལ། ཡིད་ཆེས་ཀྱིས་ཕྱུག་པའི་དྲ་རྒྱ་ཞིག་བསྐྲུན་ཕྱིར་ཡིན། ང་ཚོ་ནི་དྲ་དམངས་ཡིན་ལ། དྲ་རྒྱའི་འཕེལ་རྒྱས་ཀྱི་སྐུལ་འདེད་པ་ཡང་ཡིན། མཉམ་སྦྲེལ་དྲ་རྒྱས་རང་རེའི་མི་རབས་འདི་ཙམ་མ་ཟད་མ་འོངས་ཀྱི་མི་རབས་དུ་མར་ཤུགས་རྐྱེན་ཐེབས་སྲིད་པས། རང་རེ་ནས་འགོ་བཙུགས་ཏེ་དྲ་རྒྱའི་བར་མཐོངས་དྭངས་གཙང་ཞིག་བསྐྲུན་ཐུབ་ཚེ་མི་རབས་ཕྱི་མར་ཡང་མིག་དཔེ་དང་ཕན་ནུས་འདོན་ཐུབ། དེ་ནི་ང་ཚོ་སྐྱེ་བོ་ཚང་མའི་ཕུགས་འདུན་ཡིན་ལ་འགན་འཁྲི་ཡང་ཡིན།
མི་ཚང་མར་དྲ་རྒྱའི་ཐོག་དཔྱད་གཏམ་སྤེལ་དབང་ཡོད་པའི་དུས་རབས་འདིར་དྲ་དམངས་ཀུན་ལ་དྲ་རྒྱའི་དྲང་བདེན་གྱི་ཁོར་ཡུག་བསྐྲུན་རྒྱུའི་འོས་འགན་ཡོད་ལ།དྲ་རྒྱ་ནི་སྐྱེ་བོ་ཀུན་ལ་དབང་བའི་བར་མཐོངས་ཀྱི་འཇིག་རྟེན་ཞིག་ཡིན་པས།དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་ཐད་མི་ཚང་མས་ནུས་ཤུགས་འདོན་དགོས། དྲ་དམངས་གང་འདྲ་ཞིག་ཡིན་ཡང་དྲ་རྒྱའི་ཐོག་གི་རྫུན་གཏམ་དང་གཡོ་རྫུན་འོག་མགོ་སྐོར་ཐེབས་འདོད་མེད། མགོ་སྐོར་གཏོང་མཁན་མེད་ན་མགོ་སྐོར་ཐེབས་མི་སྲིད་པས། ང་ཚོ་ཚང་མ་ཤེས་དཔལ་དང་ཡ་རབས་ཀྱིས་ཕྱུག་པའི་དྲ་དམངས་ཤིག་ཏུ་བསྒྱུར་ཚེ་དྲ་རྒྱའི་བར་མཐོངས་འདི་ཉིད་ཀྱང་དྭངས་གཙང་ཞིག་ཏུ་གྱུར་ངེས།
བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཚེ་རིང་ཆོས་སྒྲོན།