མཚོ་བོད་ལྕགས་ལམ་གྱིས་གངས་ལྗོངས་ས་མཐོར་བདེ་ལམ་གསར་པ་བཏོད་པ།
1984ལོའི་ཟླ་5ཚེས་1ཉིན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུ་སྤྱོད་འགོ་ཚུཌ་པ་རེད། 2006ལོའི་ཟླ་7ཚེས་1ཉིན། ལམ་ཐག་ཧྲིལ་པོར་སྤྱི་ལེ་1142ཡོད་པའི་གོར་མོ་ནས་ལྷ་ས་བར་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་ལམ་ཐིག་ཧྲིལ་པོར་སྤྱི་ལེ་1956ཡོད་པའི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ལྷ་ས་བར་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ཏེ་མེ་འཁོར་ཤར་གཏོང་ཐུབ་པ་མཚོན་ཡོད། དེ་ནི་འཛམ་གླིང་དུ་ས་བབ་མཐོ་ཤོས་དང་། ལམ་ཐག་རིང་ཤོས། འཁྱགས་ས་བརྒྱུད་པའི་ལམ་ཐག་རིང་ཤོས་བཅས་ཀྱི་ས་མཐོའི་ལྕཌ་ལམ་ཞིག་ཡིན་པ་དེས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ཡོད།
ལྕགས་ལམ་དེ་ནི་ལྕགས་འབྲུག་ཆེན་པོ་ཞིག་དང་འདྲ་བར་ཁུ་ནུ་རི་རྒྱུད་བརྒལ་བ་དང་གངས་ལྗོངས་ས་མཐོ་འཕྲེད་དུ་བཅད་པ་དེ་ཐོག་ནས་ཀྲུང་གོ་གསར་པའི་མི་རབས་ཁ་ཤས་ཀྱི་ཕུགས་འདུན་མཚོན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཞུམ་མེད་སྙིང་སྟོབས་ཀྱང་མངོན་ཡོད།
བསོད་ནམས་སྒྲོལ་མའི་དྲན་ཤེས་ལ་2006ལོའི་གོང་དུ་ལྷ་སའི་མེ་འཁོར་བབས་ཚུཌ་ཀྱི་ཉེ་འཁོར་ནི་ས་རྡོའི་ལམ་ཡིན་པ་དང་། ཚོང་ཁང་གཅིག་ཀྱང་མེད་པར་ལུང་སྟོང་ཞིག་དང་འདྲ་བ་གསལ་པོར་ངེས་ཀྱི་ཡོད། ད་ཆ་མེ་འཁོར་བབས་ཚུགས་གནས་སའི་ཁུལ་དུ་སྤྲོ་གསེང་ལུས་རྩལ་སྤྱི་གླིང་དང་། སློབ་གྲྭ། སྨན་ཁང་། ད་དུང་རྒྱ་ཆེ་བའི་སྣུམ་ནག་ལམ་བཅས་བསྐྲུན་ཡོད།
མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་ལས་ད་དུང་ནག་ཆུ་དང་ལྷ་ས་སོགས་ལ་འཚོ་བའི་མཁོ་ཆས་དང་ཐོན་སྐྱེད་དངོས་རྫས་དེ་བས་མང་བ་དབོར་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ཡུན་ཚད་དང་། བདེ་འཇགས་རང་བཞིན། སྐྱེལ་འདྲེན་བྱེད་ཚད་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
ཆིན་ཅིན་ཡོན་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་ནུབ་ཚུགས་སུ་ལས་ཀར་ཞུགས་ནས་ལོ་15སོང་བས་ལྕགས་ལམ་ཟོག་འདྲེན་གྱི་འཕེལ་རྒྱས་ལ་དཔང་པོ་བྱེད་ཐུབ། ཁོང་གིས་“ལྕགས་ལམ་ཟོག་འདྲེན་ལས་དབོར་འདྲེན་མ་གནས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པ་མ་ཟད། ས་གནས་འདི་གའི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་གྱི་ལས་ཀ་བརྟན་པོ་ཞིག་ཀྱང་རག་ཡོད” 2006ལོ་ནས་བཟུང་ལྷ་ས་ནུབ་ཚུགས་ཀྱི་ཟོག་ར་དང་མཉམ་ལས་བྱས་པའི་ཟོག་འགྲེམས་ཀུང་སི་4ནས་མིག་སྔའི་20ལྷག་ཙམ་བར་མང་དུ་ཕྱིན་པ་དང་དངོས་ཟོག་དབོར་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཏེ་2006ལོའི་ཏུན་ཁྲི་32.9ནས་2023ལོའི་ཏུན་ཁྲི་571.3བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་17.2%ཟིན་ཡོད་ཅེས་བཤད།
དར་རྒྱས་ཀྱི་གྲུབ་འབྲས་དེ་ནི་འཛུགས་སྐྲུན་པ་ཁག་ཐེངས་མང་པོ་དང་ཁ་འབྲལ་ཐབས་མེད། དེ་སྔའི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་པ་ཚོའི་ངོས་ནས་བརྗོད་ན། “དཀའ་གནད་ལ་འགྲན་སློང་དང་རྩེ་གྲར་བརྩོན་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སྔ་ས་ནས་མི་ཚང་མའི་སེམས་སུ་རྡོ་བརྐོས་རི་མོ་ལྟར་ངེས་ཡོད།
ད་ཆ་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་ལྕཌ་ལམ་བདག་སྐྱོང་ལས་དོན་པས་ད་དུང་གངས་ལྗོངས་ས་མཐོར་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད། ཨར་ལས་བྱ་ཡུལ་དུ་ད་ལོ་ལས་གནས་སུ་གསར་དུ་ཞུགས་པའི་སློབ་ཆེན་སློབ་མ་ཡེ་ཧའོ་རན་གྱིས་ལ་དུག་བཟོད་བསྲན་བྱེད་བཞིན་དུ་ཕྱིར་བཤོལ་བརྒྱབ་མེད། ཁོང་གིས“ང་འདི་གར་སླེབས་སྐབས་དེ་དུས་ཀྱི་ལྕཌ་ལམ་འཛུགས་སྐྲུན་པ་ཚོའི་དཀའ་ངལ་དངོས་སུ་ཚོར་བྱུང”སླད་ཕྱིན་རྒན་རབས་དང་ལས་རོགས་ཚོའི་སེམས་ཤུགས་ལ་སློབ་སྦྱོང་དང་ལྕགས་ལམ་ཉམས་བཟོའི་ཨར་སྐྲུན་ལག་རྩལ་སློབ་སྦྱོང་བྱས་ནས་འཚར་ལོངས་མགྱོགས་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།
ཀྲུང་གོའི་དེང་རབས་ཅན་གྱི་གྲུབ་འབྲས་ཀྱི་མཚོན་རྟགས་ཤིག་ཡིན་པའི་མཚོ་བོད་ལྕགས་ལམ་གྱིས་འཁྱགས་རོམ་གྱིས་བསྡམས་པའི་གངས་ལྗོངས་ས་མཐོར་གསོན་ཤུགས་སྦྱིན་པ་དང་ས་མཐོའི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ནས། ཕུགས་འདུན་ཕྲག་ཏུ་ཁུར་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།