མི་རིགས་མཐུན་སྒྲིལ་ལྡུམ་རའི་ནང་། སྣ་མང་མེ་ཏོག་ཅིག་ཅར་བཞད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་སློབ་གསོ་ལག་ལེན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་པ་དང་། སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལས་སྟེགས་དང་གཞི་རྟེན་སྐྲུན་པ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གཏོད་པ་བཅས་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།
སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད་སྐུལ་འདེད་གནད་སྨིན་བཏང་བ།
ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཟླ་རེར་སློབ་སྦྱོང་རེ་བྱེད་པ་དང་། དུས་ཚིགས་རེར་ཚད་ལེན་རེ་བྱེད་པ། ལོ་འཁོར་མོར་ལས་འགན་སྒྲུབ་ཚུལ་སྙན་སེང་རེ་ཞུ་བ་བཅས་བརྒྱུད། མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་འཆད་ཁྲིད་དང་སྲིད་གྲོས་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྡེ་ཁུལ་གྱི་གྲོང་མིའི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད། རྫོང(ཆུས)ཁག་གིས་སྡེ་ཁུལ་དང་། ལས་དོན་རུ་ཁག འབྲེལ་གཏུག་འགན་གཙང་གི་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་སྒྲོག་འགྲེལ་སོགས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས“སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་བྱ་སྤྱོད”ལ་སྐུལ་འདེད་གཏོང་རིང་། མཉམ་འདྲེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་བྱེད་སྐབས་བསམ་བློའི་སྣེ་ཁྲིད་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་ཡོན་གྱི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ། རྒྱལ་དམངས་ཀྱི་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལྟེ་བའི་ནང་དོན་དུ་བརྩིས་ཡོད། ཁྲོམ་གཞུང་དང་སྡེ་ཁུལ་སྒྲིག་འཛུགས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ་ལོ་ཆུང་སློབ་མ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ལ་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་བྱས་ཡོད།
གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
ལྷ་སར་སྡེ་ཁུལ་ཁག་གིས་རིག་རྩལ་ཚོགས་པ་དང་སྡེ་ཁུལ་གྱི་རིག་རྩལ་དཔུང་ཁག་སྒྲིག་འཛུགས་བྱས་ཏེ། རྒྱུན་དུ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་གླུ་གར་ལེ་ཚན་འཁྲབ་སྟོན་དང་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། རྫོང(ཆུས)ཁག་དང་། ནུས་པའི་གླིང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཅས་ཀྱིས“ང་ཚོའི་ཀྲུང་གོའི་ཕུགས་འདུན—རིག་གནས་ཁྱིམ་ཚང་མང་པོར་ཁྱབ”ཅེས་པའི་གཞི་རིམ་དུ་འཚམས་འདྲིའི་འཁྲབ་སྟོན་ཐེངས་1300ལྷག་ཙམ་དང་སྡེ་ཁུལ་དུ་འཁྲབ་སྟོན་ཐེངས་200ལྷག་ཙམ་བྱས་ཡོད། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་སྡེ་ཁུལ་དུ་ཁྱབ་ཚད་100%ཟིན་ཡོད།
ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་མི་རིགས་ལས་དོན་སྡེ་ཚན་གྱིས་སྡེ་ཁུལ་ལ་བརྟེན་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་གྲོང་ཁྱེར་དུ་ལས་ཀ་དང་ཚོང་རྒྱག་པར་ཡོང་མཁན་ཚོགས་སྤྱིར་དམིགས་ནས། རྣམ་པ་སྣ་ཚོགས་དང་ལྟ་འདོད་ལ་ཉན་སྤྲོ་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་360སྤེལ་བ་དེ་མི་ཐེངས་ཁྲི་30ལ་ཁྱབ་ཡོད།
ཞབས་འདེགས་ཡག་པོ་ཞུས་པ་མ་ཟད་དམངས་བདེ་དམངས་ཕན་ཡོང་བར་བྱས་པ།
མི་རིགས་ཁག་དང་ལས་རིགས་ཁག་སྒྲིག་འཛུགས་ཀྱིས“ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོཌ་ཀྱི་དཀའ་ངལ་སེལ་རོགས་བྱས་པ་རེད། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་རྒྱུན་རྣམ་ཅན་བཞིན“མཉམ་འབྲེལ་བཞི་དང་འགན་ལེན་བཞི”དང“ཞུ་བཅར་ཆེན་པོ་དང་ལེན་གྱིས་བྱ་བ་དངོས་སྒྲུབ་པའི”ལས་ཀའི་ལམ་སྲོལ་རྒྱུན་རྣམ་ཅན་བཞིན་དོན་འཁྱོལ་བྱས་ཏེ། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་རིང“མོས་སེམས་ལྔ”དང་མཉམ་འདྲེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད།
ལྷ་ས་གྲོང་ཁྱེར་གྱིས་བར་མཐོངས་དང་། འཚོ་བ། བརྩེ་སེམས་བཅས་རིམ་པ་གསུམ་ནས་མཉམ་འདྲེས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་གྲོང་མིའི་དབར་མཉམ་འདྲེས་རྣམ་པའི་འཚོ་བའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་ཕྱིན་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མིར་དངོས་ཕན་དེ་བས་མང་བ་ཐོབ་ཡོད། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་རྒྱ་ཆེ་རུ་བཏང་སྟེ་བྱ་སྤྱོད་དངོས་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་ཡོད།