མཐའ་མཚམས་གྲོང་ཚོ་འཁྲུག་ཆ་དོད། ཡུལ་སྨད་རྣམ་པར་འགྱུར་ལྡོག་ཆེ།
ད་ཆ་གསར་འགོད་པ་ཡུལ་སྨད་ཤང་དུ་སྐྱོད་སྐབས། ཁྱིམ་ཚང་ཚང་མའི་སྒོ་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་པ་ལས། མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་འདིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་ཡུལ་མིའི་འཚོ་བའི་མཐུན་རྐྱེན་ཡག་ཏུ་ཕྱིན་པ་མཐོང་ཐུབ། ད་ཆ་ཡུལ་སྨད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཟིན།
སྐལ་བཟང་སྒྲོལ་མ་ནི་ཡུལ་སྨད་ཤང་སྨྱུག་གླིང་ཐང་གྲོང་ཚོའི་ཡུལ་མི་ཞིག་ཡིན་པ་དང་། ཁམས་གཙང་ཞིང་གྲལ་འགྲིག་པའི་སྒོ་ར་དང་། ཉི་འོད་དྲོ་བའི་ཤེལ་ཁང་། གཡོག་བྱེད་ཞིབ་ཚགས་བྱུང་བའི་མེ་ཏོག་དང་རྩི་ཤིང་བཅས་ལས་ཁོང་གིས་ཁྱིམ་ཚང་ཡག་པོ་སྐྱོང་བ་མཐོང་ཐུབ། སྐལ་བཟང་སྒྲོལ་མས“མཐའ་མཚམས་བརྟན་པོ་བསྲུང་རྒྱུ་ནི་ངའི་སྤོབས་པ་ཡིན། ད་ཆ་ཁྱིམ་གྱི་འཁོས་ཀ་ཡག་ཏུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད”ཅེས་བཤད། ད་ཆ་སྐལ་བཟང་སྒྲོལ་མའི་བུ་མོ་དང་བུ་མོའི་མག་པ་གཉིས་ཀ་ཡུལ་སྨད་དུ་ལས་ཀ་བྱེད་ཀྱི་ཡོད།
ལོ་38ལ་སླེབས་པའི་བསོད་ནམས་སྒྲོལ་དཀར་ནི་དེ་གའི་བོད་ཟས་ཟ་ཁང་ཞིག་གི་སྦྱིན་བདག་རེད། “ཇ་ཁང་ན་ནིང་བཙུགས་པ་དང་། ད་ལོར་ཁ་ལོ་བའི་ལག་ཁྱེར་བླངས་ནས་རླངས་འཁོར་ཉོས་པས། ཚོང་ཟོག་འཐེན་པ་དང་ཕྲུ་གུ་སྐྱེལ་རྒྱུར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བསོད་ནམས་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང་བཤད།
ཇ་ཁང་ལ་ཡོང་མཁན་ཁྲོད་དེ་གའི་ཡུལ་མི་ཡོད་ལ། ཡུལ་སྐོར་བའང་མི་ཉུང་བ་ཞིག་ཡོད། “ལོ་གཉིས་རིང་ཡུལ་སྐོར་བ་ཇེ་མང་དུ་སོང་ཞིང་། ད་ལོ་ནས་བཟུང་། ཡུལ་སྨད་དུ་ཡུལ་སྐོར་ལ་ཡོང་ནས་སྡོད་མཁན་ཡང་མི་གྲངས་1800ལྷག་ཙམ་ཟིན་གྱི་འདུག”ཅེས་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཞུའེ་མིང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ས་གནས་ཀྱིས་ཡུལ་སྨད་ཀྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་དམིགས་སུ་བཏོད་དེ་ཡུལ་མི་རྣམས་ལ་ཡོང་སྒོ་མང་དུ་བཏང་བ་མ་ཟད། ཡུལ་སྐོར་བར་མྱོང་རོལ་སྔར་བས་ཟབ་པ་ཡོང་ཆེད་ཤང་སྲིད་གཞུང་གིས་གཅིག་གྱུར་འཆར་གཞི་བཀོད་དེ་ས་གནས་མང་ཚོགས་ལ་ཁྱིམ་ཚང་མགྲོན་ཁང་མཛེས་བཟོ་བྱེད་རོགས་བྱས་ཡོད་ཅེས་བརྗོད།
“ཡུལ་སྐོར་བ་མང་བའི་སྐབས་ཉིན་ལྟར་དགོང་མོར་འགྲུལ་ཁང་ནང་མིས་ཁེངས་པ་དང་། ད་དུང་མདང་དགོང་ངས་སྡོད་ས་མ་རག་པའི་འགྲུལ་པ་གྲོང་པ་ཁྱིམ་མཚེས་ཀྱི་སར་བཏང་བ་ཡིན”ཞེས་ཁྲུང་ཆིང་མཚོ་འགྲམ་འགྲུལ་ཁང་གི་སྦྱིན་བདག་ཧོ་ཉིང་གིས་བཤད། 2022ལོར་ཧོ་ཉིང་དང་ཁོང་གི་བཟའ་ཟླ་ཡུལ་སྨད་དུ་ཡོང་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ཏེ་ད་ཆ་ཡུལ་སྨད་ཤང་གི་ཁྱིམ་ཚང་མགྲོན་ཁང་ཆེ་ཤོས་ཀྱི་སྦྱིན་བདག་ཏུ་གྱུར། གཞན་ཡང་། ད་དུང་ཧུའུ་ནན་དང་སི་ཁྲོན་ནས་ཡོང་བའི་ཚོང་པས་ཀྱང་ཡུལ་སྨད་དུ་གཞིས་བཙུགས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ནས་ཡུལ་སྨད་ཀྱི་ཞབས་ཞུའི་ལས་རིགས་ཁྲོམ་ར་ཕུན་སུམ་ཚོགས་སུ་བཏང་ཡོད།
སངས་རྒྱས་ཆོས་པའི་སྡོད་ས་རྙིང་པའི་སྒོ་རྩ་ནས་ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་བ་ཝེ་ལགས་གསར་འགོད་པར་འཕྲད། རྒན་ཡོལ་ཞུས་ཟིན་པའི་ཁོང་གིས“དེ་གོང་བརྙན་འཕྲིན་ནས་རྒད་པོ་སངས་རྒྱས་ཆོས་པས་རང་ཉིད་ཀྱི་བུ་མོ་ཁྲིད་དེ་མཐའ་མཚམས་སྲུང་བའི་བྱས་རྗེས་མཐོང་ནས་སེམས་འགུལ་ཚད་མེད་ཐེབས་བྱུང་བས། ད་རེས་ཡུལ་སྨད་ཅེས་པ་གང་འདྲ་ཞིག་ཡིན་མིན་ལྟ་བར་ཡོང་བ་ཡིན”ཞེས་མྱོང་བ་ཟབ་མོའི་ངང་གསར་འགོད་པར་བཤད།
ད་ཆ་ཡུལ་སྨད་འདི་ཉིད་སྔོན་མའི“མི་གསུམ་ཤང”ནས་ད་ཆའི་དུད་ཚང་67དང་མི་གྲངས་250ལྷག་ཙམ་ཡོད་པའི་འབྱོར་འབྲིང་ཤང་དུ་འཕེལ་རྒྱས་ཕྱིན་ཡོད། མི་སྔར་བས་མང་བ་དེ་གར་ཡོང་བ་དང་དེ་གར་བསྡད་དེ“ཡུལ་སྨད་ཀྱང་ང་ཚོའི་ཕ་ཡུལ་ཡིན་ལ། ང་ཚོའང་ཡུལ་སྨད་པ་གསར་པ་ཞིག་ཡིན་པའི”སེམས་གཏམ་དྲང་པོར་བརྗོད་ཡོད།
1994ལོར་སྐྱེས་པའི་བསྟན་འཛིན་བསམ་གྲུབ་ནི་ད་ཆ་ཡུལ་སྨད་དུ་ལས་ཀ་བྱས་ནས་ལོ་10ཙམ་འགྲོ་གི་ཡོད། “ཐོག་མར་ཤང་གི་ཆུ་ཤུགས་གློག་ཁང་ཆུང་ཆུང་ཞིག་ཏུ་ལས་ཀ་བྱེད་རིང་། དེའི་གློག་བརྟན་པོ་མེད་པས་མཚན་མོར་གློག་ཤུགས་སྒྲིག་ཆས་ཡང་སེ་བཟོ་དགོས་ཀྱི་ཡོད། དེ་དུས་ང་རང་གཅིག་པུ་ཡིན་སྟབས་བཟའ་སྡོད་གཉིས་ཀ་གློག་ཁང་ཆུང་ཆུང་དུ་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་བསམ་གྲུབ་ཀྱིས་བཤད་པ་དང་། ཁོང་གིས། ད་ཆ་ཡུལ་སྨད་ཤང་ལ་གློག་བརྟན་པོ་ཡོད་པའི་ཁར། རང་ཉིད་ཀྱིས་ཡུལ་སྨད་ནས་མནའ་མ་བླངས་ནས་ཁྱིམ་གཞིས་བཙུགས་ཏེ་ཤང་གི་སྦྲག་པ་བྱེད་ཀྱི་ཡོད་ཅེས་བཤད།
“ད་ཆ་ཤང་དུ་སྦྲག་སྐྱེལ་བསྐུར་མ་མང་དུ་སོང་བས། ངའི་ལས་ཀའི་ངར་ཤུགས་ཀྱང་ཇེ་ཆེར་ཕྱིན་སོང”ཞེས་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།
ལོ་34ལ་སླེབས་པའི་ཟླ་བ་གཡུ་སྒྲོན་ནི་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཨུ་ཡོན་ཡིན་པ་དང་། ཉིན་ལྟར་དུད་ཚང་ཁག་ཏུ་ཕར་རྒྱུག་ཚུར་རྒྱུག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བར་འགྲོ་བས་ཡུལ་སྨད་ཤང་གི་འཕོ་འགྱུར་དག་ཁོང་གིས་མིག་མཐོང་ལག་ཟིན་ཐུབ་ཡོད། “ད་ཆ་འཕྲིན་གཏོང་གི་བརྡ་རྟགས་ཡོངས་སུ་ཁེབས་པས་མི་འགས་ཁྱིམ་ནས་ཐད་གཏོང་དང་། ཚོང་ཁང་དུ་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་པ། མང་ཚོགས་ཀྱིས་དྲ་བ་ནས་ཅ་དངོས་ཉོ་བ་སོགས་བྱེད་པར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་ཟླ་བ་གཡུ་སྒྲོན་གྱིས་བཤད།
སྔོ་ཚལ་དྲོད་ཁང་ཆེན་པོར་ལས་ཀ་བྱེད་བཞིན་པའི་ཁྲེན་ཀྲི་ཞང་ན་ནིང་སློབ་ཆེན་ནས་མཐར་ཕྱིན་རྗེས། རང་འགུལ་ངང་ཡུལ་སྨད་ཤང་སྲིད་གཞུང་དུ་ལས་ཀ་བྱེད་པར་ཡོང་ཞིང་། མཐོང་རྒྱ་གསར་པ་དང་འཚོལ་ཞིབ་གསར་པ་ལས་ཁོང་གིས་འབྱུང་འགྱུར་ལ་རེ་བ་ཆེན་པོ་བཅོལ་ཡོད། “ངས་ཡུལ་སྨད་ཤང་གི་ཡུལ་མི་རྣམས་དང་མཉམ་དུ་ང་ཚོའི་ཁྱིམ་གཞིས་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་འཚོ་བ་སྔར་བས་སྐྱིད་པ་ཡོང་བར་བྱེད་ཀྱི་ཡིན”ཞེས་ཁྲེན་ཀྲི་ཞང་གིས་བཤད།
གཞོན་སྐྱེས་དེ་བས་མང་བས་ཡུལ་སྨད་ལ་རང་རང་གི་ལེགས་སྐྱེས་འབུལ་བཞིན་ཡོད། ཁོང་ཚོས་ཡུལ་སྨད་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ཟབ་མོ་ཚོར་བ་མ་ཟད། མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཐའ་སྲུང་མཐའ་བརྟན་གྱི་བྱ་སྤྱོད་ངོ་མར་བསྒྱུར་ནས་མེས་རྒྱལ་གྱི་མཐའ་མཚམས་ས་ཆར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།