“འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་ པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་སྐྱིད་གྲོང་དུ་སྤེལ་བ།
གསོན་ཤུགས་ལྡན་པའི་འགག་སྒོས་ལོ་ངོ་སྟོང་གི་གནའ་ལམ་གྱི་གཏམ་རྒྱུད་གསར་པ་མུ་མཐུད་བརྩམས་པ།
ཉེ་ཆར། “རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད—འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས“ཇོ་མོ་གླང་མའི་ལྡུམ་ར་རྒྱབ་མ”སྟེ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་སྤེལ་ཡོད།
ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། སྐྱིད་གྲོང་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་དང་ཚོང་དོན་ཚོང་འགྲུལ་གྱི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དེས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དབར་འགྲོ་འོང་བྱེད་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད། དཔེར་ན། ནེ་པ་ལའི་བལ་བཟའ་ཁྲི་བཙུན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་ཁབ་ཏུ་བསུ་སྐབས་སྐྱིད་གྲོང་བརྒྱུད་དེ་བོད་དུ་ཡོང་བ་དང་། ཐང་རྒྱལ་རབས་ཀྱི་ཕྱི་འབྲེལ་ཕོ་ཉ་ཝང་ཞོན་ཚེ་གནའ་ལམ་དེ་བརྒྱུད་ནས་རྒྱ་གར་དུ་ཐེངས་གསུམ་བསྐྱོད་དེ“ཐང་རྒྱལ་རབས་ཆེན་པོའི་ཕོ་ཉ་རྒྱ་གར་དུ་མངགས་པའི”བྲག་བརྐོས་ཡི་གེ་བཞག་ཡོད།
ལོ་རྒྱུས་ཀྱི་བརྒྱུད་རིམ་ལས་སྐྱིད་གྲོང་འགག་སྒོ་དེ“བགྲོད་ལམ་དཔལ་འབྱོར”དང“ལམ་རྒྱུད་དཔལ་འབྱོར”ནས“འགག་སྒོའི་དཔལ་འབྱོར”ཕྱོགས་སུ་གྱུར་པའི་འཕེལ་ཚུལ་གསལ་པོར་མངོན་པ་སྟེ།
1962ལོར་འགག་སྒོ་བཙུགས་པ་དང་། 1978ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་ལམ་ཚོང་འགྲུལ་འགག་སྒོར་གཏན་འཁེལ་བྱས་པ། 2014ལོའི་ཟླ་12པར་སྐྱིད་གྲོང་གི་ཕྱོགས་གཉིས་རང་བཞིན་གྱི་འགག་སྒོ་ཤར་གཏོང་ཐུབ་པ། 2015ལོའི་ཟླ་5པར་རྒྱལ་སྤྱིའི་རང་བཞིན་གྱི་ལོ་ཧྲིལ་པོར་སྒོ་མོ་ཕྱེ་བའི་གཞུང་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་འགག་སྒོའི་ཆོག་མཆན་ཐོབ་པ། 2017ལོའི་ཟླ་8པར་རྒྱལ་ཁབ་གསུམ་པའི་མི་སྣར་སྒོ་མོ་ཕྱེ་བས་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་གྱུར་པ། 2018ལོའི་ཟླ་10པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དེ་གར་མཐའ་མཚམས་ཡུལ་མིའི་ཚོང་ཟོག་ཉོ་ཚོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ། 2022ལོའི་ཟླ་3པར་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས་བོད་ཀྱི་རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་པོར་གྱུར་ཏེ། རྒྱལ་སྤྱིའི་ཚོང་དོན་དང་། དེང་རབས་ཀྱི་ཟོག་འགྲེམས། མཐའ་མཚམས་ཚོང་དོན་ལས་སྣོན། མཐའ་མཚམས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་། གཟིགས་སྐྱོང་སྲིད་ཇུས་མང་པོའི་རྒྱབ་སྐྱོར་འོག སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་གོམ་སྟབས་བརྟན་པོ་སྤོས་ནས། ནང་འདྲེན་ཤིང་འབྲས་ཀྱི་དམིགས་འཛུགས་ལྟ་འདོམས་བྱ་ཡུལ་གྱི་རྣམ་གྲངས་དང་མཐའ་མཚམས་མཉམ་ལས་ཁུལ་གྱི་ལྟེ་བའི་ཁུལ་གྱི་ཡུལ་སྐོར་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས(དུས་ཐེངས་གསུམ་པ)སོགས་གཙོ་གནད་རྣམ་གྲངས་ཁག་21སྔ་རྗེས་སུ་ལེགས་སྒྲུབ་བྱས་ཡོད།
རྒྱལ་སྤྱིའི་ཚོང་དོན་ཐད། འདི་ལོའི་ཟླ་9པའི་ཟླ་མཇུག་བར་སྐྱིད་གྲོང་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཏུན་ཁྲི་8.2281ཟིན་པ་དེ་དུས་མཚུངས་ལས་77.34%འཕར་བ་དང་། འགག་སྒོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་29.63ཟིན་པ་དེ་དུས་མཚུངས་ལས་38.69%འཕར་ཡོད་པ་རེད། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དུ་ཐོ་འགོད་བྱས་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་9.55ཟིན་པ། ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་14.9ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་56%འཕར་ཡོད་པ་རེད།
སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཧོན་ཧྥུང་གིས། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། མཐའ་མཚམས་མཉམ་ལས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་གཞི་ཚུགས་པ་དང་འགག་སྒོའི་ནུས་པ་མུ་མཐུད་ལེགས་སུ་བཏང་ནས། རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་དང་ཀྲུང་ནེ་སྐྱིད་གྲོང་ནས་རི་ཟུར་བར་གྱི་ས་མཚམས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་ཁུལ་མགྱོགས་མྱུར་བསྐྲུན་རྒྱུ་དང་། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་རྣམ་པའི་འགག་སྒོའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་ལ་བཀའ་མཆན་བཀོད་པའི་གོ་སྐབས་དང་བསྟུན་ནས“ཁུལ་གསུམ་དང་འགག་གནད་གཅིག”ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ཏེ། སྐྱིད་གྲོང་གི་མཐའ་མཚམས་མཉམ་ལས་ཁུལ་དེ་ཉིད་དེ་བས་ནུས་ཆེ་དང་། སྒོ་དབྱེ། དར་རྒྱས་བཅས་ཀྱི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞིས་རྩེར“ལྟེ་བའི་གྲོང་ཁྱེར་གཉིས”འཛུགས་སྐྲུན་གྱི་ལག་ལེན་ཁྲོད་འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་དངོས་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།