ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པར་དམིགས་ནས་ཀྲུང་གོའི་དབྱང་ལིང་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་དངོས་མང་སྟོན་ཚོགས་སྐབས་སོ་གཅིག་པ་འཚོགས་པ།
“ཐོན་སྐྱེད་ནུས་ཤུགས་གསར་མ་·ཞིང་ལས་ཀྱི་འབྱུང་འགྱུར་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་དབྱང་ལིང་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་ཀྱི་དངོས་མང་སྟོན་ཚོགས་སྐབས་སོ་གཅིག་པ་ཟླ་10ཚེས་25ཉིན་ཧྲའན་ཤིས་དབྱང་ལིང་དུ་འཚོགས་འགོ་ཚུགས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གྲལ་སྒོར་ཚོགས་འདུ་ཡང་ཉིན་དེར་འཚོགས་པ་རེད།
འཚོག་ཡུན་ཉིན་5ཡིན་པའི་སྐབས་འདིའི་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་ཀྱི་དངོས་མང་སྟོན་ཚོགས་ཐོག་འགྲེམས་ཁང་འགྲེམས་སྟོན་དང་། ཞིང་ནང་འགྲེམས་སྟོན། དྲ་ཐོག་འགྲེམས་སྟོན། ཕྱི་རྒྱལ་འགྲེམས་སྟོན་བཅས་ཁག་4ལ་དབྱེ་ཡོད། སྐབས་གོང་མ་དང་བསྡུར་ན་སྐབས་འདིར་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མར་དམིགས་ནས་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་མངོན་གསལ་དོད་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུར་སྣང་ཆེན་བྱས་ཏེ་འགྲེམས་སྟོན་གྱི“རྒྱལ་སྤྱི་ཅན་དང་། ཁྲོམ་ར་ཅན། ཆེད་ལས་ཅན། གྲངས་འཛིན་ཅན། སྤུས་རྟགས་ཅན”བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད། དྲ་ཐོག་དྲ་ཕྱི་མཉམ་འདྲེས་དང་། འགྲེམས་ཁང་ཕྱི་ནང་ཟུང་འབྲེལ། རྒྱལ་ནང་དང་རྒྱལ་ཕྱི་མཉམ་འགུལ་བཅས་ཀྱི་བྱེད་སྟངས་བརྒྱུད་སྐབས་འདིའི་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་ཀྱི་དངོས་མང་སྟོན་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཚན་ཞིབ་སྒྲིག་གཞི་དང་ཞིང་ལས་ཁེ་ལས་ཁག་གི་སོན་ཁུངས་གཙོ་བོ་དང་། ཞིང་འཕྲུལ་སྒྲིག་ཆས་གཙོ་བོ། ཞིང་ལས་ཆུ་བེད་གྲོན་ཆུང་། རིག་ལྡན་ཞིང་ལས། གྲངས་འཛིན་ཞིང་ལས་སོགས་ཐད་ཀྱི་ཕུལ་བྱུང་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་དང་སྤེལ་རེས་བྱེད་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཞིང་ལས་མཐོ་གསར་ཚན་རྩལ་གྲུབ་འབྲས་དངོས་མང་སྟོན་ཚོགས་ནི་ཀྲུང་གོ་ཞིང་ལས་ལག་རྩལ་ཁྱབ་གདལ་མཐུན་ཚོགས་དང་ཀྲུང་གོ་ཞིང་ལས་འགྲེམས་སྟོན་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་1800ལྷག་ཙམ་ཞུགས་ཡོད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་10དང་། ལྟ་ཞིབ་པའི་རྒྱལ་ཁབ་2 གླེང་མོལ་རོགས་ཟླའི་རྒྱལ་ཁབ་14བཅས་ཁྱོན་རྒྱལ་ཁབ་26ཚང་མ་ཞུགས་ཡོད་པ་རེད།