དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་58.9ལ་ཆད་པ་བཅད་པ།
དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་53ཚུད་ཡོད་པ།
ཚེས་26ཉིན་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཆ་འཕྲིན་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2024ལོའི་ཟླ་དང་པོ་ནས་དགུ་པའི་བར་གྱི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་དཔྱད་གནས་ཚུལ་བརྡ་ཁྱབ་བཏང་བའི་ནང་། 2024ལོའི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་ཁྲི་270.3དང་ལེན་བྱས་པ་ལས་གྱོད་དོན་ཁྲི་64.2ཐོ་འགོད་བྱས་ནས་མི་ཁྲི་58.9ལ་ཆད་པ་བཅད་པ་དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་53ཚུད་ཡོད་པ་རེད།
བརྡ་ཁྱབ་ལས་མངོན་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་སྐུར་ངོ་གཏུག་གི་ཐེར་འདོན་ཐེངས་ཁྲི་270.3དང་ལེན་བྱས་པའི་ནང་ཉེས་འདོན་ཞུ་གཏུག་རིགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་ཁྲི་75.6ཡོད་པ་དང་། གནད་དོན་གྱི་ཁུངས་སྣེ་ཁྲི་158.4ཐག་གཅོད་བྱས་ཡོད། གྱོད་དོན་ཁྲི་64.2ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་58དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3263 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.6 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.9བཅས་ལ་གྱོད་དོན་ཐོ་འགོད་བྱས་ཡོད། ད་ལྟ་འགན་འཁུར་མུས་དང་ཡང་ན་དེ་སྔ་འགན་ཁུར་བའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི་7.7ལ་གྱོད་ཐོ་བཀོད་ཡོད། མི་ཁྲི་58.9ལ་ཆད་པ་བཅད་པའི་ཁྲོད་མི་ཁྲི་46.1ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་17ལ་སྲིད་དོན་གྱི་ཆད་པ་བཅད་ཡོད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་53དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2779 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.1 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་7.4 ལས་བྱེད་པ་དཀྱུས་མ་ཁྲི་8.4 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་40.7བཅས་ལ་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་གཞིར་བཟུང་། 2024ལོའི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་རིགས་བཞིའི”ཐོག་ནས་མི་ཐེངས་ཁྲི་147.9ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི་88.2ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་59.6%བཟུང་བ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་49.2ཐག་གཅོད་བྱས་པ་དེས་33.3%བཟུང་བ། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་5.1ཐག་གཅོད་བྱས་པ་དེས་3.4%བཟུང་བ། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་5.4ཐག་གཅོད་བྱས་པ་དེས་3.7%བཟུང་བ་བཅས་རེད། དེ་དང་ཆབས་ཅིག ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་གཉིས་ཀར་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྐོག་རྔན་སྤྲོད་མཁན་ཁྲི་1.9ལ་གྱོད་ཐོ་བཀོད་པའི་ནང་མི་2972ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པ་རེད།