མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཀྱི་ཤང་གྲོང་80%ཡན་དུ་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་གཅིག་ནས་གཉིས་བར་ཡོད་པ།
གཙོ་ཁྲིད་ཐོན་ལས་ཤིག་གི་འཕེལ་རྒྱས་བརྒྱུད་གྲོང་གསེབ་ཀྱི་གསོན་ཤུགས་ལ་ལྟ་བ།
འདི་ནི་སྐུ་འབུམ་ཆུས་ལྡུམ་ར་ཤར་མ་གྲོང་ཚོའི་གྲོང་མིས་སྔོ་ཚལ་འཐོག་བཞིན་པ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཀྱི་དབུལ་སྒྲོལ་མི་འབོར་གྱིས་ཟི་ལིང་གྲོང་ཁྱེར་ཧྲིལ་པོའི་དབུལ་སྒྲོལ་མི་འབོར་གྱི་ཕྱེད་ཀ་བཟུང་གི་ཡོད། ཉེ་བའི་ལོ་ཤས་རིང་། སྐུ་འབུམ་ཆུས་ཀྱིས་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པར་འབབ་འཕར་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ། ཐོན་ཁུངས་དང་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། གཙོ་ཁྲིད་ཐོན་ལས་གཞི་ཁྱོན་ཅན་ལ་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཤང་གྲོང་80%ཡན་ལ་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་1ནས་2བར་ཡོད་པ་རེད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.4%འཕར་ཡོད་པ་རེད།
ལས་སྟེགས་བསྐྲུན་པ་དང་འཇོན་ཐང་ཅན་དྲངས་ནས་ས་མཐོར་ཤ་མོ་སོས་པ་འདེབས་པ།
སྐུ་འབུམ་ཆུས་ལི་ཅཱ་ཧྲན་གྲོང་རྡལ་དུ་གནས་པའི་ཤ་མོའི་དཔེ་སྟོན་གླིང་དུ་ཤ་མོའི་སོན་རྩ་རེ་རེ་བཞིན་ལྕགས་སྒྲོམ་ཐོག་བསྒྲིགས་ནས་ཡོད། “དེ་ནི་བཟའ་བྱའི་ཤ་མོའི་ཐོན་སྐྱེད་འཁོར་ཁང་རེད། མིང་འབོད་ཐུབ་པའི་ཤ་མོའི་རིགས་སྤྱིར་ན་ཚང་མ་ཡོད”ཅེས་ཆུས་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཡུང་ཧན་གྱིས་བཤད།
ཀྲོའུ་ཡུང་ཧན་གྱིས“བཟའ་བྱའི་ཤ་མོའི་སྐྱེ་འཚར་ལ་འཚམ་པའི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ་18ནས་25བར་ཡིན་ལ་བཞའ་ཚན་ལའང་རེ་བ་ནན་པོ་ཡོད” ལི་ཅཱ་ཧྲན་གྲོང་རྡལ་ནི་ལུང་གཞུང་དུ་གནས་པ་དང་དེའི་ཉེ་འཁོར་དུ་ཡུན་ཀུའུ་ཁྲོན་ཆུ་མཛོད་ཡོད་པས། “ཁྱབ་རྒྱ་ཆུང་བའི་གནམ་གཤིས”ལས་དྲོད་ཚད་དང་བཞའ་ཚན་གཉིས་ཀ་རན་པོ་ཡོད། གནམ་གཤིས་དང་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས་བཟའ་བྱའི་ཤ་མོའི་ཐོན་ལས་གནད་ལ་འཁེལ་པོས་བདམས་པ་མ་ཟད་གྲགས་ཅན་ཚོང་རྟགས་ཀྱང་བཏོད་ཡོད་པ་རེད།
གླིང་ཁུལ་གྱི་གཉེར་སྐྱོང་འགན་འཁུར་བ་ཀྲོའུ་ཀྲའོ་རུང་ནི་སི་ཁྲོན་ནས་ཡིན་པ་དང་བཟའ་བྱའི་ཤ་མོ་འདེབས་འཛུགས་བྱས་ནས་ལོ་30ཙམ་འགྲོ་ཡི་ཡོད་ཅིང་། ལི་ཅཱ་ཧྲན་གྱི་རང་བྱུང་ཆ་རྐྱེན་བློ་ལ་བབས་ཏེ་དེ་གར་མ་དངུལ་བཏང་བ་དང་སྦྲགས། བཟའ་བྱའི་ཤ་མོ་འདེབས་འཛུགས་ཀྱི་ཉམས་མྱོང་ཡང་འཁྱེར་ཡོང་བ་རེད།
ཤ་མོའི་སོན་རྩའི་ཐོན་སྐྱེད་འཁོར་ཁང་ཕུད། དཔེ་སྟོན་གླིང་དུ་ད་དུང་ཤ་མོའི་སོན་ཁུག་ཐོན་སྐྱེད་འཁོར་ཁང་ཡང་བཙུགས་ཡོད་པ་རེད། ལི་ཅཱ་ཧྲན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡུན་ཤའོ་ཡིས“གྲོང་རྡལ་གྱི་གྲོང་ཚོ་32ཚང་མར་བཟའ་བྱའི་ཤ་མོ་འདེབས་འཛུགས་ཐོན་ལས་ཡོད་པ་དང་། ང་ཚོས་ཤ་མོའི་མྱུ་གུ་འབུས་མ་ཐག་པའི་སོན་ཁུག་ཚོང་གི་ཡོད། ཉེ་འཁོར་ཁོ་ནར་དགོས་མཁོ་ཧ་ཅང་ཆེན་པོ་འདུག”ཅེས་ངོ་སྤྲོད་བྱས་པ་རེད།
ལི་ཅཱ་ཧྲན་གྲོང་རྡལ་གྱིས་ཤ་མོ་དང་ཤ་མོའི་སོན་ཁུག་ཁྲི་180ལྷག་ཙམ་ཐོན་སྐྱེད་བྱས་པར་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་450ལྷག་ཙམ་ཟིན་གྱི་ཡོད་པ་རེད། དབུལ་སྒྲོལ་དུད་ཚང་ཀྲའོ་ཡུང་གཡོད་ནི་གྲོང་རྡལ་དེའི་ལི་མཱ་ཡིང་གྲོང་ཚོ་ནས་ཡིན་ཞིང་། ཁོ་མོས་མ་ལག་བདེ་པོས་ཤ་མོ་འཐོག་པ་དང་། འགོག་སྨན་རྒྱག་པ། སོན་ཁུག་ནང་བླུག་པ་བཅས་བྱེད་ཀྱི་འདུག “ཁྱིམ་དུ་ཕྲུ་གུ་ཆུང་ཆུང་ཡོད་པས་སྒོ་རྩར་ལས་ཀ་བྱས་ན་ལྟ་སྐྱོང་བྱེད་བདེ་པོ་འདུག ཤ་མོའི་སོན་ཁུག་བཟོས་ན་ཟླ་རེར་སྒོར་4000ལྷག་ཙམ་ལེན་རྒྱུ་འདུག”ཅེས་བཤད།
བཟའ་བྱའི་ཤ་མོའི་ཐོན་ལས་འཁོར་འབྲེལ་ཇེ་རིང་དུ་ཕྱིན་ནས་གྲོང་མི་དེ་བས་མང་བར་ཐོན་ལས་འཕེལ་རྒྱས་ལས་ཕན་པ་ཐོབ་ཡོད། ལི་ཅཱ་ཧྲན་གྲོང་རྡལ་ཉེ་འགྲམ་གྱི་པན་ཀྲུང་ཡིང་གྲོང་ཚོའི་གྲང་མཛོད་ཀྱི་འགྲམ་དུ་གྲོང་མི་ཚོས་ཤ་མོ་དང་། ཤིང་འབྲས། སྔོ་ཚལ་སོགས་སྒམ་དུ་འཇུག་པ་དང་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་རེད། “བཟའ་བྱའི་ཤ་མོའི་ཐོན་ལས་ལ་གཞོལ་བས་ང་ཚོའི་གྲོང་ཚོས་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས་བསྡུ་འགྲེམས་རྟེན་གཞི་དང་སྨི་ངོས་གྲུ་སྟོང་ཕྲག་ཁ་ཤས་ཟིན་པའི་འཁྱག་མཛོད་བསྐྲུན་པ་དང་། བཟའ་བྱའི་ཤ་མོའི་ཐོག་མའི་ལས་སྣོན་དང་ལྦུ་སོབ་ཐུམ་སྒྲིལ་གྱི་ཐོན་སྐྱེད་སྒྲུབ་རིམ་ཆ་ལག་ཚང་པོ་བཟོས་ཡོད། ཟོག་འདྲེན་རླངས་འཁོར་500ལྷག་ཙམ་ཉིན་ལྟར་དབོར་འདྲེན་ལ་བྲེལ་བཞིན་ཡོད”ཅེས་པན་ཀྲུང་ཡིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥེང་དབྱིང་ཚའེ་ཡིས་བཤད།
ལི་ཅཱ་ཧྲན་གྲོང་རྡལ་གྱི་བཟའ་བྱའི་ཤ་མོའི་ཐོན་ལས་ནི་སྐུ་འབུམ་ཆུས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བའི་བསྡུས་རིས་ཤིག་རེད། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སྐུ་འབུམ་ཆུས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཅི་ཧུའེ་ཡིས“ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ལེགས་ཆར་གཞི་ཚུགས་པ་དང་། གཞི་ཁྱོན་ཆགས་པ། ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཐུག་ཡོད། ང་ཚོས་ཁྱད་ལྡན་ཐོན་ལས་ཀྱི་བཀོད་པ་བསྐྲུན་རྒྱུ་དེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་རྩ་བར་བརྩིས་ནས་ལམ་སྲོལ་འཛུགས་པ་དང་། ལས་སྟེགས་སྐྲུན་པ། ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁ་ཐོར་རྣམ་པ་དང་གཞི་ཁྱོན་ཆུང་བའི་འཕེལ་རྒྱས་ཀྱི་བསམ་བློ་རྙིང་པ་ལས་བསྒྲལ་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བ་དང་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་ནུས་པ་ཆེ་བའི་རྣམ་གྲངས་ཇུས་འགོད་དང་ལག་ལེན་བསྟར་ཏེ་གྲོང་གསེབ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས”པའི་ངོས་འཛིན་བྱས་པ་རེད།
དཔུང་པ་སྒྲིལ་བ་དང་ཁྲོམ་རར་ཞུགས་ཏེ་རྒྱུན་མཐུད་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ།
སྐུ་འབུམ་ཆུས་ཁྱུང་རྒྱ་བོད་རིགས་ཤང་ནི་ཡུལ་ལྗོངས་ལྟ་ན་སྡུག་པའི་ས་ཆ་ཞིག་སྟེ། རི་སྐེད་དུ་སྨུག་སྤྲིན་གྱི་དར་དཀར་འཐེན་ཞིང་། མཚོ་མཚེའུ་ཡིས་བསྐོར་བ། ཤྭ་བ་ཁྲ་རིས་དང་ནོར་གནག་དལ་དལ་ལྷོད་ལྷོད་ངང་ཅི་དགར་རྒྱུ་བཞིན་མཆིས།
ཁྱུང་རྒྱར་ཤྭ་བ་ཁྲ་རིས་མཐོང་རྒྱུ་ཡོད་པ་ནི་ཡ་མཚན་དགོས་པ་ཞིག་མ་རེད། “འགྲམ་དུ་གདོད་མའི་ནགས་ཚལ་ཡོད་ལ་དེ་སྔ་རི་སྟེང་དུ་རི་སྐྱེས་ཤྭ་བ་ཁྲ་རིས་མཐོང་རྒྱུ་ཡོད། ཤྭ་བ་ཁ་ཤས་ལ་རྨས་སྐྱོན་ཕོག་པ་མཐོང་སྐབས་གྲོང་མི་ཚོས་ལྟ་སྐྱོང་བྱེད་ཀྱི་ཡོད་པས། རིམ་བཞིན་ཤྭ་བ་གསོ་བའི་གོམས་གཤིས་ཆགས་པ་རེད”ཅེས་ཁྱུང་རྒྱ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེ་ཡུང་གོས་དེ་ལྟར་བརྗོད་ཅིང་། ཁོང་གིས་རྨང་གཞི་དེ་འདྲ་ཞིག་ཡོད་པས་ཁྱུང་རྒྱ་ཤང་གི་ཁྱད་ལྡན་ཐོན་ལས་ལ་ཤྭ་བ་ཁྲ་རིས་གསོ་ཚགས་སོགས་ཀྱི་འབྲོག་ལས་བདམས་པ་རེད་ཅེས་ངོ་སྤྲོད་བྱས།
འདི་ལོ་ལོ་49ལ་སླེབས་པའི་དཔལ་ལྡན་ཚེ་རིང་ཧྲང་ཅོན་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་ལས་ཀར་ཞུགས་པ་ནས་བཟུང་ཤྭ་བ་གསོ་བའི་ཉམས་མྱོང་མུ་མཐུད་ཕུན་སུམ་ཚོགས་སུ་ཕྱིན་ཡོད། “ང་ཚོ་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གཅིག་གིས་ཤྭ་བ་ཁྲ་རིས་ལ་རྒྱུན་གཏན་གཡོག་བྱེད་བྱེད་པ་དང་། ཉིན་ལྟར་དུས་ཚོད་ལྟར་གཟན་ཆག་དབྱེ་ནས་སྟེར་གྱི་ཡོད། ད་དུང་ཤྭ་བའི་ལྟོ་ཟ་བའི་གནས་ཚུལ་ལའང་ལྟ་དགོས” ལས་ཀའི་བླང་བྱ་ཞིབ་ཚགས་པར་བརྟེན་ནས་ཡོང་འབབ་མི་ཉུང་བ་ཞིག་རག་གི་ཡོད་ཅིང་། ད་ཆ་དཔལ་ལྡན་ཚེ་རིང་ལ་ཟླ་རེར་གཏན་འཇགས་གླ་ཕོགས་སྒོར་3000རག་གི་ཡོད།
ཁོ་པས་མུ་མཐུད་ཡར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅིང་། “དུས་ཡུན་གང་འཚམ་ནས་ལས་རིམ་རྒྱུས་མངའ་ལོན་རྗེས། ངས་ཤྭ་བའི་ཁྲག་རྭ་ལེན་སྟངས་སྦྱོང་རྩིས་ཡོད། དེ་ནི་ལག་རྩལ་ཡིན་པས་ཡོང་འབབ་དེ་བས་མང་བ་རག་གི་རེད”ཅེས་བཤད།
དཔལ་ལྡན་ཚེ་རིང་གི་ཡོང་འབབ་འཕར་བའི་གདེང་ཚོད་ནི་གཉེར་སྐྱོང་ལམ་སྲོལ་གསར་པ་ལས་བྱུང་བ་ཞིག་རེད། “ཟི་ལིང་དང་དེའི་མཐའ་འཁོར་ས་ཁུལ་གྱི་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་བ་དང་ཉི་འོད་འཕྲོ་ཡུན་རིང་བའི་ཁར། ཐུན་མོང་མ་ཡིན་པའི་གནམ་གཤིས་དང་སྐྱེ་ཁམས་ཀྱི་ལེགས་ཆ་ལྡན་པས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ས་ཁུལ་ཡག་པོ་ཞིག་རེད། དུས་ཡུན་རིང་པོའི་ནང་སྐུ་འབུམ་ཁུལ་གྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གྲུབ་ཆ་ཡག་པོ་མེད་པ་དང་ཞིང་འབྲོག་ཐོན་ལས་འཁོར་འབྲེལ་ཐུང་ལ་ཟུར་སྣོན་རིན་ཐང་མཐོ་པོ་མེད་ཅིང་། དེའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི‘ཁ་ཐོར་རྣམ་པའི’མ་འཇོག་བྱེད་སྟངས་ཡིན་པར་བརྟེན། མ་གཞི་ནས་འབེལ་པོ་དེ་ཙམ་མེད་པའི་མ་དངུལ་དང་ཐོན་ཁུངས་དེ་བས་ཁ་ཐོར་དུ་ཕྱིན་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་ཐོན་ལས་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་དཀའ་བའི་དབང་གིས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྔར་བས་རིམ་སྤོར་བྱ་རྒྱུར་ཚོད་འཛིན་ཆེན་པོ་ཕོག་ཡོད”ཅེས་སྐུ་འབུམ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་ཀུའོ་ཅན་གྱིས་བཤད།
ཁྱུང་རྒྱར་ཞིང་ལས་ཀུང་སིས་འབྲེལ་ཡོད་མ་དངུལ་སྤྱི་འདོམས་བྱས་ནས་བཏང་བ་མ་ཟད། གྲོང་ཚོ་5ཡི་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་ཀྱི་འགན་ཡང་ཁུར་ཞིང་། ད་དུང་ཤྭ་བ་གསོ་ཚགས་ཀུང་སི་དང་མཉམ་ལས་གཉེར་སྐྱོང་བྱས་ནས་ཤྭ་བ་ཁྲ་རིས་ཀྱི་གསོ་ཚགས་ཐོན་ལས་སྟོབས་ཆེར་བཏང་བ་རེད།
“ང་ཚོས་ཤྭ་བ་ཁྲ་རིས་བྱང་ཆུབ་པའི་ངང་གསོ་ཚགས་བྱེད་ཀྱི་ཡོད། མཚོ་སྔོན་གྱི་ས་ཆ་གཞན་དུའང་ཤྭ་བ་གསོ་ཚགས་ར་བ་ཡོད་པས་ཉེན་ཁ་འགོག་པའི་ནུས་པ་དང་གཉེར་སྐྱོང་ཞིབ་ཚགས་ཀྱི་ཉམས་མྱོང་ལ་འགན་སྲུང་བྱེད་ཐུབ”ཅེས་ཤྭ་བ་གསོ་ཚགས་ཀུང་སིའི་འགན་འཁུར་བ་ཀྲའོ་ཀང་གིས་བཤད་ཅིང་། ཁོང་གིས“དེ་སྔོན་གྱི་ལོ་3ནི་གསོ་སྤེལ་གྱི་དུས་རེད། མིག་སྔར་ཁྱུང་རྒྱའི་གསོ་ཚགས་གཞི་ཁྱོན་མགོ་གྲངས་བརྒྱ་ཙམ་ཟིན་ཡོད། འཆར་གཞི་ལྟར་ན། གནངས་ལོར་གཞི་ཁྱོན་མགོ་གྲངས་1100ཟིན་རྒྱུ་དང་གྲོང་ཚོ་5ཡི་ཁེ་སྤོགས་ཀྱང་སྒོར་ཁྲི་210ཟིན་རྒྱུ་རེད”ཅེས་བཤད།
རྒྱ་སྟོབས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྐང་པ་བརྟན་པོ་བཙུགས་པ།
འབྲུ་རིགས་ཡག་པོ་འདེབས་པ་དང་དུས་མཚུངས་སུ་མདོ་པ་གྲོང་རྡལ་གཡུལ་ལྷས་གྲོང་ཚོས་སྣ་མང་འཕེལ་རྒྱས་ཡོང་བར་འབད་བཞིན་ཡོད། གཡུལ་ལྷས་གྲོང་ཚོའི་དྲོད་ཁང་ཐོན་ལས་གླིང་དུ་བསྐྱོད་ནས་ཡུག་འབྲེལ་གྱི་དྲོད་ཁང་དང་གཞུ་དབྱིབས་དྲོད་ཁང་ལ་ལྟ་སྐབས་ས་མཐོའི“སྔོ་ཚལ་ཤིང་འབྲས་ཀྱི་མཛོད་ཁང”ཆེན་པོའི་ཚོར་སྣང་ཟབ་མོ་སྐྱེས། མདོ་པ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལི་ཞའོ་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཡུལ་ལྷས་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་ཉི་འོད་དྲོད་ཁང་སྟར་པ་1343དང་འགྱིག་ཤོག་དྲོད་ཁང་སྟར་པ་269ཡོད་ལ། ལོ་རེར་ཤིང་ཏོག་དང་སྔོ་ཚལ་ཏུན་ཁྲི་1.2ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། དེའི་ནང་འབྲི་ཏ་ས་འཛིན་འདེབས་འཛུགས་ཁུལ་དང་དུག་འདོན་མྱུག་སོན་ལྟེ་གནས་ཀྱིས་གནས་བབ་གལ་ཆེན་བཟུང་ཡོད་པ་རེད།
འབྲི་ཏ་ས་འཛིན་འདེབས་འཛུགས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་ཚན་རྩལ་ནི་སྒུལ་ཤུགས་གལ་ཆེ་ཤོས་ཤིག་རེད། “2021ལོར་ང་ཚོས་དུག་འདོན་འབྲི་ཏ་ས་འཛིན་གྱི་སོན་མྱུག་ཐོན་སྐྱེད་བྱེད་འགོ་བཙུགས་པ་ཡིན། ལས་རིགས་ནང་ཁུལ་དུ་གཙོ་བོ་འབྲི་ཏ་ས་འཛིན་གྱི་རྩ་བ་དང་རྩེ་མོ་དུག་འདོན་གྱི་བྱེད་ཐབས་སྤྱོད་ཀྱི་ཡོད་མོད། འོན་ཀྱང་ང་ཚོས་ཤར་ནུབ་རྒྱུད་ཀྱི་གཞོགས་འདེགས་ལས་སྟེགས་ཀྱི་རྣམ་གྲངས་དང་ཅང་སུའུ་ཡི་ཆུ་ཚད་མཐོ་བའི་ཚན་ཞིབ་དཔུང་ཁག་ལ་བརྟེན་ནས་མེ་ཏོག་དང་སྨན་གྱི་དུག་འདོན་ལག་རྩལ་སྤྱད་དེ་གསོ་སྤེལ་བྱེད་ཀྱི་ཡོད། མིག་སྔར་མེ་ཏོག་དང་སྨན་གྱི་དུག་འདོན་ལག་རྩལ་ཅུང་གཟེངས་སུ་ཐོན་པས་ན་ནིང་རྒྱལ་ཡོངས་ཀྱི་སྤུས་ལེགས་འབྲི་ཏ་ས་འཛིན་གྱི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་ཡོད”ཅེས་དུག་འདོན་སོན་མྱུག་ལྟེ་གནས་ཀྱི་འགན་འཁུར་བ་ཧུའུ་ཝུན་ཧའེ་ཡིས་ངོ་སྤྲོད་བྱས་པ་རེད། གཡུལ་ལྷས་གྲོང་ཚོའི་དུག་འདོན་སོན་མྱུག་ད་ཆ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་ལ་བཙོངས་པ་དང་། ལོ་ལྟར་སོན་མྱུག་རྐང་ཁྲི་100ལྷག་ཙམ་ཚོང་གི་ཡོད་པ་རེད།
“དེ་སྔོན་རང་སོ་སོས་འབྲི་ཏ་ས་འཛིན་བཏབ་སྟེ་ལོ་ཤས་སོང་རུང་ལག་རྩལ་དེ་ཙམ་བྱང་ཆུབ་པོ་མེད། ཇི་ལྟར་བྱས་ནས་མྱུ་གུའི་སྐྱེ་ཚད་ལེགས་སུ་གཏོང་བ་དང་མྱུ་གུ་འབུས་པའི་བརྒྱུད་རིམ་ལ་ལྟ་རྟོག་བྱེད་པ་དེ་ཚོད་དཔག་བྱ་རྒྱུ་ལས་མ་འདས”ཞེས་གཡུལ་ལྷས་གྲོང་ཚོའི་ལོ་50ལ་སླེབས་པའི་གྲོང་མི་ཆི་ཡིའུ་མིང་གིས་དང་ཐོག་མུའུ་5འགན་གཙང་བླངས་ནས་འབྲི་ཏ་ས་འཛིན་བཏབ་པའི་སྐོར་ཕྱིར་དྲན་བྱེད་བཞིན་དུ་ཚན་རྩལ་ལ་རེ་བའི་མིག་ཟུང་ཆེས་ཆེར་གདངས།
མདོ་པ་གྲོང་རྡལ་གྱིས“འབྲི་ཏ་ས་འཛིན་སྔོ་ཚལ་ཤིང་འབྲས”གཙོ་ཁྲིད་ཐོན་ལས་ཀྱི་གྲས་སུ་གཏན་འཁེལ་བྱས་པ་ནས་བཟུང་། ཆི་ཡིའུ་མིང་ལའང་ཕན་པ་ཐོབ་སྟེ་དུས་ཚིགས་རེར་ཆེད་དོན་འདེབས་འཛུགས་གསོ་སྦྱོང་ལ་ཞུགས་ཆོག་པ་དང་། གྲོང་ཚོའི་དུག་འདོན་སོན་མྱུག་ལྟེ་གནས་ནས་ཐོན་པའི་སོན་མྱུག་ཀྱང་གྲོང་མི་ཚོས་མ་གནས་ཀྱི་རིན་གོང་ལྟར་ཉོ་ཐུབ། སོན་མྱུག་དང་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་ཆི་ཡིའུ་མིང་གི་འབྲི་ཏ་ས་འཛིན་འདེབས་འཛུགས་ལ་ཉམས་དགའ་བའི་གོང་འཕེལ་བྱུང་ཡོད། ཁོང་གིས“ད་ལོ་སླར་ཡང་དྲོད་ཁང་7འགན་གཙང་བླངས་ཡོད”ཅེས་བཤད།
མིག་སྔར་སྐུ་འབུམ་ཆུས་ཀྱི་ཤང་གྲོང80%ཡན་ཚང་མར་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་གཅིག་ནས་གཉིས་བར་ཡོད་ཅིང་། “ཤིང་འབྲས་སྡེར་མ”དང“ཤ་ཚལ་སྒོང་གསུམ”དེ་བཞིན་སྐྱེ་ཁམས་གསོ་ཚགས་ཐོན་ལས་ཕུད། ས་གནས་དེ་གས་ད་དུང་ཐེན་ཅ་ཀྲའེ་གྲོང་རྡལ་གྱི་ཞིང་ལས་ཉམས་ལེན་ཡུལ་སྐོར་གླིང་དང་། ཁྱུང་རྒྱ་གྲོང་རྡལ་གྱི“མཁའ་དབྱིངས་ཀྱི་ཁྱུང་རྒྱ”སྒར་སྡོད་རྟེན་གཞིའི་རྣམ་གྲངས། རུ་གསར་གྲོང་རྡལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཐོན་ལས་སོགས་འཕེལ་རྒྱས་གཏོང་བར་བྲེལ།