དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ཉིང་ལྕགས་ལམ། རི་ཆུ་བརྒལ་ནས་དམངས་ཕྱུག་བོད་དར་ཡོང་བར་བྱས་པ།

  • ཡོང་ཁུངས།  འོད་ཟེར་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥུའུ་ཆང་། ཀརྨ་རྡོ་རྗེ།   |     སྤེལ་དུས།  2024-10-29

    སྟོན་དུས་ཡར་ཀླུང་གཙང་པོའི་གྲོག་རོང་གི་ལྷ་ཉིང་ལྕགས་ལམ་དུ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་འུར་སྒྲ་དང་བཅས་སྐྱོད་བཞིན་ཡོད། “ལྷ་ཉིང་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་། ང་ཚོས་ཉིང་ཁྲིར་ཐད་ཀར་འབྱོར་བའི་གནམ་གྲུའི་སྤ་སེ་ཉོ་རྒྱུ་ལས་མ་འདས་ལ། དུས་ཆེན་དང་ངལ་གསོའི་སྐབས་གནམ་གྲུའི་སྤ་སེ་ཉོ་ཁག་པོ་ཡོད། ད་ཆ་ང་ཚོས་སྔོན་ལ་གནམ་གྲུར་བསྡད་དེ་ལྷ་སར་བསྐྱོད་པ་དང་། དེ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་ཉིང་ཁྲིར་བསྐྱོད་པ་ཡིན། འགྲིམ་འགྲུལ་གྱི་ཡོ་ཆས་མང་དུ་སོང་ཡོད་ལ། ཡུལ་སྐོར་གྱི་ལམ་ཐིག་ཀྱང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད”ཅེས་ཀུའེ་ཀྲོའུ་ནས་ཡོང་བའི་པར་ལེན་ལ་དགའ་མཁན་ཝང་ལགས་ཀྱིས་ཉིང་ཁྲིའི་དུས་བཞིའི་མཛེས་ལྗོངས་ལ་ཧ་ཅང་དགའ་པོ་བྱེད་བཞིན་དུ་དེ་ལྟར་བརྗོད་པ་དང་། ལས་འཁྱུར་ངལ་གསོ་བརྒྱབ་རྗེས་རྟག་ཏུ་བཟའ་ཟླ་དང་མཉམ་དུ་བོད་དུ་ཡུལ་སྐོར་དང་པར་ལེན་བྱེད་པར་ཡོང་སྐབས་ལྷ་ཉིང་ལྕགས་ལམ་དེ་ད་ཆ་ཁོང་གཉིས་པོ་ཕྱིར་སྐྱོད་སྐབས་ཀྱི་འགྲིམ་འགྲུལ་ཡོ་ཆས་ཀྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད།

    ཟླ་9ཚེས་29ནས་ཟླ་10ཚེས་8ཉིན་བར། རིམ་རྩིས་བརྒྱབ་ན་ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་4.6བསྐྱལ་བ་དེ་ན་ནིང་གི་དུས་མཚུངས་ཀྱི་མི་ཐེངས་ཁྲི་3.8ལས་ཆེས་ཆེར་འཕར་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་435ཟིན་པའི་ལྷ་ཉིང་ལྕགས་ལམ་ནི་ལྷ་ས་ནས་ཉིང་ཁྲི་བར་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། 2021ལོའི་ཟླ་6ཚེས་25ཉིན་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་བོད་ཀྱི་ཤར་ལྷོའི་ས་ཁུལ་ལ་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་བོད་དང་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    ཉེ་བའི་ལོ་ཤས་རིང་། ལྕགས་ལམ་སྡེ་ཚན་གྱིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་ས་མཐོའི་ལྕགས་ལམ་ཞབས་ཞུའི་སྤུས་རྟགས་ཧུར་ཐག་བཏོད་དེ་ལྷ་ཉིང་ལྕགས་ལམ་གྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། དང་ཐོག་མེ་འཁོར་ལ་བསྡད་ནས་ཕྱིར་བསྐྱོད་རྒྱུར་མ་གོམས་པའི་ཞིང་འབྲོག་པ་རྣམས་ཀྱང་ད་ཆ་འགྲིམ་འགྲུལ་ཡོ་ཆས་དེ་རིགས་ལ་སྡོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད།

    དེང་རབས་ཅན་དང་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་མེ་འཁོར་ནང་བསྡད་ནས་འགྲུལ་བཞུད་བྱེད་པའི་སྐྱིད་སྣང་ནི་ལྕགས་ལམ་འཛུགས་སྐྲུན་པའི་བློ་གྲོས་དང་དཀའ་སྤྱད་འབད་འཐབ་དང་ཁ་འབྲལ་ཐབས་མེད།

    ལྷ་ཉིང་ལྕགས་ལམ་ནི་ཁྲོན་བོད་དང་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་ཐིག་དེ་ས་ཡོམ་ཤུགས་རྒྱག་ཆེ་ཁུལ་དང་ས་གཤིས་གས་སྲུབས་ཆེ་ཁུལ་བརྒྱུད་དགོས་པས། ཆུ་རུད་སོགས་ས་གཤིས་གནོད་འཚེ་ཡོངས་ཁྱབ་ཏུ་ཐོན་པར་བརྟེན་ཨར་སྐྲུན་གྱི་དཀའ་ཚེགས་འཛམ་གླིང་ན་མཐོང་དཀོན་པ་ཞིག་རེད། 90%ཡན་གྱི་ལམ་ཐིག་ས་བབ་མཐོ་ཚད་སྨི་3000ཡན་དུ་གནས་པ་དང་། ཡར་ཀླུང་གཙང་པོ་ཐེངས་16བརྒལ་དགོས་ཀྱི་ཡོད། ལམ་རྒྱུད་རི་མཐོ་གཡང་གཟར་ཡིན་པ་དང་། ས་བབ་དང་ས་གཤིས་ཀྱི་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ། རང་བྱུང་གི་ཆ་རྐྱེན་ཞན་པ། བལྟོས་བཅས་ཀྱི་ས་བབ་མཐོ་དམན་ཧེ་བག་ལ་སྨི་2500ཟིན་པ། ཕུག་ལམ་ཁྱོན་47དང་ཟམ་པ་121ཡོད་པ་མ་ཟད། ཟམ་པ་དང་ཕུག་ལམ་ཧྲིལ་པོའི་བསྡུར་ཚད་75%ཟིན་གྱི་ཡོད། དེའི་ནང་ནས་རིང་ཤོས་ཡིན་པའི་རྟ་སྒ་ལའི་ཕུག་ལམ་གྱི་རིང་ཚད་ལ་སྨི་17310ཡོད་པ་དང་ཕུག་ལམ་མང་ཆེ་བའི་རིང་ཚད་ལ་སྨི་1000ལྷག་ཙམ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་རྣམ་གྲངས་ཨར་ལས་ནང་ཞུགས་མཁན་འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པ་ཙེང་ཞང་ཝུན་གྱིས་སྐབས་དེ་དུས་ཀྱི་ཨར་སྐྲུན་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས“རྩད་ཞིབ་དང་། ཇུས་འགོད། ཨར་ལས་བཅས་ཀྱི་དཀའ་ཚེགས་ཧ་ཅང་ཆེ་བས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་སྣ་ཚོགས་ཡང་སེ་ཐོན་གྱི་ཡོད”ཅེས་དྲང་པོར་བརྗོད།

    དེ་ནི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཡིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་ཞིག་དེ་བས་ཀྱང་རེད། “ཇུས་འགོད་ནས་ཨར་སྐྲུན་བར། ང་ཚོས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། ཐོག་མའི་འཆར་འགོད་ཇུས་འགོད་དང་། ཨར་ལས་བརྒྱུད་རིམ་ལ་ཚོད་འཛིན། སྐྱེ་ཁམས་སླར་གསོ་སོགས་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོ་ནས་འགོ་བཙུགས་ཏེ་བརྒྱུད་རིམ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ལུའོ་ཀྲེན་ཕིང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ལྷ་ཉིང་ལྕགས་ལམ་འདིང་སྐབས་སྙིགས་རོ་ཚན་རིག་དང་མཐུན་པའི་ངང་གཙང་སེལ་དང་སྐྱེ་ཁམས་ཕྱོགས་བསྡུས་སླར་གསོ་སོགས་ཀྱི་ལག་རྩལ་སྤྱད་དེ་ཨར་ལས་ལས་ལམ་རྒྱུད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་ཤུགས་ཆུང་དུ་བཏང་བ་མ་ཟད། མཐོ་གྲང་ཁུལ་དུ་འདེབས་འཛུགས་དང་ཐིགས་ཆུ་གཏོང་བའི་ལག་རྩལ་ལ་བརྟེན་ནས་ལེ་དབར་བརྒྱ་ཕྲག་ཁ་ཤས་ཟིན་པའི་ལྗང་མདོག་བར་ཁྱམས་ཀྱང་བཏོད་ཡོད་ཅེས་བརྗོད།

    ད་ཆ་བོད་དུ་མཚོ་བོད་ལྕགས་ལམ་བགྲོད་ལམ་གཙོ་བོར་བྱས་ནས་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་ཤར་ནུབ་ཀྱི་བགྲོད་ལམ་གཉིས་སུ་བྱས་པའི“གཙོ་བོ་གཅིག་དང་གཞོགས་གཉིས”ཀྱི་ལྕགས་ལམ་འགྲིམ་འགྲུལ་གྱི་རྣམ་པ་ཞིག་ཆགས་ནས། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།