དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དགེ་རྒན་ཚོས་སློབ་དཔོན་ཆེ་མོ་ཡག་པོ་ཞིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་རྣམས་སློབ་དཔོན་ཆེ་མོར་འགྱུར་བར་བྱེད་དགོས། “སློབ་དཔོན་ཆེ་མོ”ཞེས་པ་ནི“སློབ་མས་སློབ་སྦྱོང་བྱེད་པ་དང་། ལས་དོན་སྒྲུབ་པ། མི་ཡག་པོ་ཞིག་བྱེད་པ་བཅས་ཀྱི་མིག་དཔེ”དང“སློབ་མ་ཚོ་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན”ཡིན་པས། “སྤྱི་ཚོགས་ཀྱིས་བརྩི་བཀུར་བྱེད་པའི་དཔེ་བཟང་དང་སྐྱེ་བོ་ཀུན་གྱིས་མིག་དཔེ་བལྟ་སར་འགྱུར་དགོས”ཞེས་ནན་བཤད་ཐེངས་མང་གནང་ཞིང་། སློབ་དཔོན་ཆེ་མོ་ནི་བླ་སྲོག་དང་ཚེ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀ་ཞིག་ཡིན། སློབ་དཔོན་ཆེ་མོ་ཞེས་པའི“ཆེ་མོ”ནི་སློབ་གྲྭའི་སྐད་གྲགས་ཆོད་ཚད་དང་། གོ་མིང་མཐོ་དམན། མི་སྒེར་གྱི་གྲུབ་འབྲས་ཆེ་ཆུང་བཅས་བསྡུར་པ་ཙམ་མིན་པར་ཤེས་རྒྱ་ཆེ་བ་དང་། ཀུན་སྤྱོད་ལེགས་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་མང་བ་བཅས་ལ་བལྟས་ནས་བཏགས་པ་ཡིན་པས། “ཤེས་བྱའི་དགེ་རྒན”དང“ཀུན་སྤྱོད་ཀྱི་དགེ་རྒན”གཉིས་ཀ་ཕན་ཚུན་གཅིག་གྱུར་ཡིན་པའི“སློབ་དཔོན་ཆེ་མོ”ཞིག་ཧུར་ཐག་བྱེད་དགོས།

    རྒྱ་ཆེའི་དགེ་རྒན་ཚོས་སློབ་དཔོན་ཆེ་མོ་བྱས་ནས་སློབ་སྦྱོང་གི་མིག་དཔེ་སྟོན་དགོས། ཤེས་རྒྱ་ཆེན་པོ་ཡོད་པ་ནི“སློབ་དཔོན་ཆེ་མོ”ཞིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རྒྱ་ཆེའི་དགེ་རྒན་ཚོས་དད་སེམས་བརྟན་པོ་བཅངས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་མཉམ་དུ་ལངས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡག་པོ་བཏིང་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་མི་སྐྱོང་བྱས་ཏེ་སློབ་མ་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། གནད་དོན་དངོས་ལ་ཞིབ་འཇུག་བྱེད་དགོས་པ་སྟེ། སློབ་གསོ་དང་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་ཏེ་ཤེས་བྱ་གསར་པ་དང་། ལག་རྩལ་གསར་པ། རིགས་པའི་གཞུང་ལུགས་གསར་པ་བཅས་སློབ་སྦྱོང་བྱེད་མཁས་པོ་བྱས་ནས་མཐོང་རྒྱ་རྒྱུན་ཆད་མེད་པར་ཡངས་སུ་བཏང་སྟེ“ཉ་སྟེར་དགོས་ལ་ཉ་འཛིན་སྟངས་ཀྱང་སློབ་དགོས”

    རྒྱ་ཆེའི་དགེ་རྒན་ཚོས་སློབ་དཔོན་ཆེ་མོ་བྱས་ནས་ལས་དོན་སྒྲུབ་པའི་མིག་དཔེ་སྟོན་དགོས། ད་ཆའི་སློབ་མ་ཚོ་ནི་འབྱུང་འགྱུར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཙོ་ཤུགས་དམག་ཡིན་ལ། རྒྱ་ཆེའི་དགེ་རྒན་ཚོ་ནི་ཀྲུང་ཧྭ་མི་རིགས་ཀྱི“ཕུགས་འདུན་རུ་ཁག”གི་ཕུགས་འདུན་གཏོད་མཁན་ཡང་ཡིན་པས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཐོག“དགེ་རྒན་གྱི་ལས་ལ་གཞོལ་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡིས་འབད”པའི་དད་མོས་དང་ཕུགས་བསམ་བཅངས་ནས་སློབ་གསོ་དང་སློབ་མར་དགའ་ཞེན་དང་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་ཏང་ཐུགས་བློ་བདེ་བ་དང་། རྒྱལ་ཁབ་ལ་དགའ་ཞེན་ཡོད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

    རྒྱ་ཆེའི་དགེ་རྒན་ཚོས་སློབ་དཔོན་ཆེ་མོ་བྱས་ནས་མི་ཡག་པོ་བྱེད་པའི་མིག་དཔེ་སྟོན་དགོས། སློབ་མའི་མིག་ནང་དུ། དགེ་རྒན་གྱི་གཏམ་སྤྱོད་ཀྱིས་སློབ་མ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དེར་བརྟེན། རྒྱ་ཆེའི་དགེ་རྒན་ཚོས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་ཏེ་སྤྱི་སེམས་ཆེན་པོ་དང་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བློ་སྒོ་འབྱེད་པ། སྣོད་བསྟུན་སློབ་ཁྲིད་བྱེད་པ། ཡིན་མིན་དང་། བདེན་རྫུན། དགེ་སྡུག བདེན་ཁེ། ཐོབ་ཤོར་བཅས་ཀྱི་ཐད་ཀུན་གྱི་སྣེ་འཁྲིད་དེ་མིག་དཔེ་སྟོན་པ། རང་དཔེ་གཞན་སྟོན་བཅས་བྱས་ཏེ། སློབ་མའི་སེམས་རྒྱུད་ལ་བདེན་ལེགས་མཛེས་གསུམ་གྱི་ས་བོན་བཏབ་སྟེ་སློབ་མ་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བའི་ཁྲིད་སྟོན་བྱེད་དགོས།

    རྒྱ་ཆེའི་དགེ་རྒན་ཚོས་སློབ་དཔོན་ཆེ་མོ་ཞིག་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་དར་རྒྱས་འགྲོ་དགོས་ན་ངེས་པར་དུ་དགེ་རྒན་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་དགོས། དེར་བརྟེན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་དུ་བརྩིས་ཐོག་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ་དང་། “རྒྱལ་ཁབ་ཆེན་པོའི་དགེ་རྒན་བཟང་པོའི”བླ་ན་མེད་པའི་གཟུགས་བརྙན་གཏོད་པ། སྤྱི་དམངས་ཀྱིས“གནམ་འོག་གི་ཆེས་བླ་ན་མེད་པའི་ལས་རིགས་ཤིག་ཡིན”པའི་དགེ་རྒན་ཀྱི་གཟུགས་བརྙན་ཤེས་ཚད་མཐོ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་བཀུག་ནས་སྤྲོ་སེམས་ཆེན་པོས་དགེ་རྒན་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་དགེ་རྒན་བྱེད་པ། ཡུན་རིང་དགེ་རྒན་བྱེད་པ། ཚེ་གང་དགེ་རྒན་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཀུན་སྤྱོད་བཟང་པོ་སྤྱི་ཚོགས་ཡོངས་སུ་དར་བར་བྱེད་དགོས།

    དགེ་རྒན་དུས་ཆེན་ཐེངས་40པའི་སྐབས་འདིར། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས“སློབ་དཔོན་ཆེ་མོའི”བླང་བྱ་ལྟར་རང་ཉིད་ལ་ལྕག་སྐུལ་བཏང་ནས། སེམས་ནང་ཕུགས་བསམ་ཡོད་པ་དང་། མིག་ནང་རེ་བ་མངོན་པ། རང་རྟོན་རང་དར། ངར་སེམས་ཆེར་སྐྱེད་བཅས་བྱས་ནས། སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་སློབ་དཔོན་ཆེ་མོའི་མིང་ལ་ངོ་གནོང་མི་དགོས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།