གཞིས་རྩེ་ལྷ་རྩེའི་སྟོད་གཞས་ལ་འཛམ་གླིང་གི་ཟིན་ཐོ་གཏོད་པའི་ཁས་ལེན་དཔང་འདོན་རག་པ།
ཉེ་ཆར། འཛམ་གླིང་ཟིན་ཐོ་གཏོད་པའི་ཁས་ལེན་དཔང་འདོན(WRCA)གཞུང་ཕྱོགས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། གཞིས་རྩེ་ལྷ་རྩེའི་སྟོད་གཞས་ལ“ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྟོད་གཞས”ཞེས་པའི་འཛམ་གླིང་གི་ཟིན་ཐོ་བཏོད་པའི་ཁས་ལེན་དཔང་འདོན་རག་པ་རེད།
ཁ་རྒྱུན་ལྟར་ན་ལྷ་རྩེའི་སྟོད་གཞས་ནི་ས་སྐྱའི་སྲིད་དབང་སྐབས་སུ་དར་བ་དང་ད་བར་ལོ་700ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་ཡོད།
ལྷ་རྩེའི་སྟོད་གཞས་ནི་གླུ་གར་དང་། གཞས་མ་གཏམ། དཀྲོལ་གཏོང་བཅས་གཞི་གཅིག་ཏུ་འདུས་པའི་དམངས་ཁྲོད་ཀྱི་གླུ་གར་སྒྱུ་རྩལ་ཞིག་རེད། འཁྲབ་སྟོན་བྱེད་སྐབས་འཁྲབ་སྟོན་པས་སྒྲ་སྙན་དཀྲོལ་གཏོང་བྱེད་ཀྱི་ཡོད། དེར་འཁྲུག་ཅིང་སྤྲོ་སྣང་དོད་པ་དང་ངར་ཤུགས་དང་ལྡན་པའི་ཁྱད་ཆོས་ལྡན་ཡོད། དེ་མི་གཅིག་གིས་འཁྲབ་ན་འགྲིག་ལ་མི་གཉིས་སམ་ཡང་ན་མི་མང་པོས་མཉམ་དུ་འཁྲབ་ནའང་འགྲིག “ལྷ་རྩེའི་སྟོད་གཞས་ཀྱི་རྐང་པའི་སྟངས་སྟབས་ལ་དང་དོད་ཆེན་པོ་ཡོད། སྟངས་སྟབས་རོལ་མོའི་འགྱུར་ཁུག་ལ་བསྟུན་དགོས་པས། ཞབས་བྲོའི་སྟངས་སྟབས་ཀྱང་སྐབས་རེ་དལ་ལ་སྐབས་རེ་མགྱོགས་པ་མ་ཟད། ད་དུང་རྐང་པའི་རྡོག་སྒྲ་ཆེན་པོ་གྲགས་པས་ན། ལྷ་རྩེའི་སྟོད་གཞས་ལ‘སྒྲ་སྙན་ཞབས་བྲོ’ཞེས་ཀྱང་ཟེར་སྲོལ་ཡོད”ཅེས་ལྷ་རྩེའི་སྟོད་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཀྲ་ཤིས་དབང་ལགས་ཀྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེའི་སྟོད་གཞས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱ་ཆེད། ལྷ་རྩེ་རྫོང་གིས་སློབ་འབྲིང་དང་སློབ་ཆུང་ཡོངས་སུ་སྟོད་གཞས་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། ཡུལ་དེ་གའི་གཞོན་ནུས་ལྷ་རྩེའི་སྟོད་གཞས་འཁྲབ་སྟོན་ཚོགས་པའི་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་པ། ཞིང་དལ་དུས་སུ་སྟོད་གཞས་སྦྱོང་བ། ལྷ་རྩེའི་སྟོད་གཞས་རྒྱུན་འཛིན་གསོ་སྦྱོང་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རིག་རྩལ་འགྲེམས་འཁྲབ་ཆེ་གྲས་ཁག་ཏུ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ལྷ་རྩེའི་སྟོད་གཞས་རྒྱལ་ཡོངས་སུ་དར་རྒྱུར་སྐུལ་འདེད་བཏང་བ་རེད།
མིག་སྔར། ལྷ་རྩེའི་སྟོད་གཞས་རྒྱལ་ཁབ་རིམ་པ་ནས་རྫོང་རིམ་པ་བར་གྱི་རྒྱུན་འཛིན་པས་རྒྱུན་འཛིན་ཟམ་མི་ཆད་པར་བྱེད་བཞིན་ཡོད་པ་དང་། ལྷ་རྩེ་རྫོང་དུ་ཁྱོན་སྟོད་གཞས་འཁྲབ་སྟོན་ཚོགས་པ་111དང་འཁྲབ་སྟོན་པ་2000ལྷག་ཙམ་ཡོད་པ་རེད།