དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-28

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་སྤྲོད་པའི་ལས་དོན་ཉེ་ཆར་ཚང་མ་ལེགས་གྲུབ་ཟིན་པ་རེད། ད་ཐེངས་སྐོར་གཟིགས་ཀྱི་ཚུར་ལན་སྤྲོད་སྟངས་ལ་གཅིག་སྡུད་ལན་སྤྲོད་པ་དང་སྐོར་གཟིགས་ཚོགས་ཆུང་གིས“གཅིག་གཏད་གཅིག”གི་ལན་སྤྲོད་པ་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ཡོད།

    ཟླ་10ཚེས་17ཉིན། ཀྲུང་དབྱང་སྐོར་གཟིཌ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ཀྱི་གཅིག་སྡུད་ཚུར་ལན་སྤྲོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐོར་གཟིགས་རིང་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་བརྡ་ཁྱབ་བཏང་བ། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཉེ་ཆར། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་15ཡིས་རེས་སྐོར་འདིར་སྐོར་གཟིགས་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་22དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)12ལ“གཅིག་གཏད་གཅིག”གིས་ཚུར་ལན་སྤྲད་པ་རེད། ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་བཀོད་སྒྲིག་ལྟར། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་མངོན་གསལ་ཅན་བརྡ་ཁྱབ་བཏང་བ་མ་ཟད། འགོ་ཁྲིད་ཚན་ཁག་ལ་སྐོར་གཟིགས་བྱས་ཚུལ་ཚུར་ལན་ཡང་སྤྲད་པ་རེད།

    ཚུར་ལན་སྤྲད་པའི་ནང་། སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ལ་གནས་པའི་གནད་དོན་སྒམ་ནན་ངང་བཏོན་ཞིང་། ལ་ལར་འགན་ནུས་དང་འགན་འཁྲི་སྒྲུབ་ཚུལ་ཐད་ཧེ་བག་ཡོད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཚུལ་དེ་ཙམ་ཏན་ཏིག་མ་བྱུང་བ། དེ་བཞིན་སྒྱུར་བཅོས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་ཚུལ་དེ་ཙམ་གནད་འཁེལ་མ་བྱུང་བ་བཅས་དང་། ལ་ལར་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་མི་འདང་བ་དང་། ཉེན་ཁའི་འདུ་ཤེས་ཞན་པ། སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། ལ་ལར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། ཁྱབ་ཁོངས་གལ་ཆེན་ཁ་ཤས་སུ་སྤྱོད་གཙང་གི་ཉེན་ཁ་ཅུང་མངོན་གསལ་དོད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་བཞིན་ཡོད་པ། ལ་ལར་འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ནུས་ལྡན་མེད་པ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཅུང་ཞན་པ་སོགས་ཀྱི་གནད་དོན་ཡོད་པ་བཅས་རེད།

    ཚུར་ལན་ནང་། སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་གཟིགས་བྱས་ཚུལ་སྐོར་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར། ཐག་གཅོད་བྱེད་ཐབས་རེ་རེ་བཞིན་ཞིབ་འཇུག་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་ཚད་གཞི་ནན་པོར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ཏེ་སྲོལ་བཟང་སྤྱོད་བཟང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། འགོ་ཁྲིད་ཚན་ཁག་གི་བསམ་བློ་འཛུགས་སྐྱོང་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་བྱེད་པར་སློབ་གསོ་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚུར་ལན་ནང་། སྐོར་གཟིགས་བྱས་ནས་གནད་དོན་གསལ་སྟོན་གྱིས་མཐར་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས། སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཏུ་བརྩིས་ནས་ཏང་གཤིས་ཤུགས་ཆེར་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། “འགོ་གཙོ་དང་པོས”འགན་འཁྲི་གཙོ་བོ་འཁུར་བ་དང་ཚན་པའི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཏེ་དག་ཐེར་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ལ་ཞིབ་བཤེར་བྱེད་དགོས། སྐོར་གཟིགས་དག་ཐེར་བྱེད་པ་དེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་བཟང་པོར་བརྩིས་ནས་དག་ཐེར་བྱེད་པའི་ནང་གནས་ཀྱི་རང་རྟོགས་ལ་ཤུགས་སྣོན་རྒྱག་པ་དང་གོ་སྐབས་དམ་འཛིན་བྱེད་པ་དང་གནད་དོན་གནད་ལ་འཁེལ་པོས་དག་ཐེར་དང་དག་ཐེར་མཐར་ཕྱིན་བྱེད་དགོས། སྐོར་གཟིགས་དག་ཐེར་བྱེད་པ་དེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པ་དང་། མཁྲེགས་སར་གཏུག་ཕོད་པ། འབྱུང་རྐྱེན་གསལ་རྟོགས། རྣག་ཐོག་གཙག་འཁེལ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་ཀྱི་འཇོན་ཐང་དང་། རྩ་འཛུགས་ཀྱི་འཇོན་ཐང་། འཐབ་འཛིང་གི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    ཚུར་ལན་ནང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་མཁྲེགས་སར་གཏུག་ཕོད་པའི་ངང་དག་ཐེར་ལ་སྐུལ་འདེད་གཏོང་དགོས། མི་དང་དོན་དག་གཙོ་བོར་དམིགས་ནས་དག་ཐེར་སླ་བཅོས་དང་དག་ཐེར་རྫུན་མ་བྱེད་པའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་སྤྱི་འདོམས་འཆར་འགོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པའི་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་གཟིགས་བྱས་འབྲས་གང་ལེགས་སྤྱོད་པ་དང་སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་ཕྲ་ཞིང་ཕྲ་བའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གཏིང་ཟབ་བྱེད་དགོས། སྐོར་གཟིགས་ལས་ཁུངས་ཀྱིས་དག་ཐེར་ལས་ཀར་གཅིག་གྱུར་མཐུན་སྦྱོར་དང་རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་གྱི་ཁུངས་སྣེ་འབྱོར་བ་དེ་དག་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།