རང་རྒྱལ་གྱིས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་ལྡན་པའི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་བསྐྲུན་པ།
ཚེས་23ཉིན། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ཧྭ་ཡིས། རང་རྒྱལ་གྱིས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ལྡན་ནུས་གསར་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་བསྐྲུན་ནས་གོ་ལ་ཧྲིལ་པོར་འོད་ཤུགས་ལྷུ་ལག་80%ཡན་དང་རླུང་གློག་སྒྲིག་ཆས་70%ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།
དེ་ཉིན་ཀྲང་ཅན་ཧྭ་ཡིས་ཆིང་ཏའོ་རུ“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུའི་པུའུ་ཀྲང་ཚོགས་འདུ་སྐབས་གསུམ་པར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། འདས་ཟིན་པའི་ལོ་བཅུའི་རིང་། རིམ་རྩིས་བརྒྱབ་ན་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རླུང་གློག་དང་འོད་གློག་རྣམ་གྲངས་ཀྱི་ཆ་སྙོམས་གློག་ཚད་མ་གནས་60%དང་80%ལྷག་ཙམ་སོ་སོར་ཆག་པར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་རླུང་གློག་དང་འོད་ཤུགས་ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཁྱབ་པ་དེས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་དང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྲོམ་ར་བརྟན་ལྷིང་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།
སྐབས་འདིའི“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུའི་པུའུ་ཀྲང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ནུས་རྒྱུ་གསར་པའི་ཕྱོགས་སུ་བསྐྱོད། མཉམ་ལས་མཉམ་ཕན་བྱེད”ཅེས་པ་དེ་ཡིན་ཞིང་། ཚོགས་ཞུགས་རྒྱལ་ཁབ་ཁག་གི་ནུས་རྒྱུ་པུའུ་ཀྲང་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། རྒྱལ་ནང་གི་ནུས་རྒྱུ་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ་སོགས་མཉམ་དུ་འཛོམས་ནས་ནུས་རྒྱུ་ཕྱོགས་སྒྱུར་དང་ནུས་རྒྱུ་བདེ་འཇགས་དང་། ནུས་གསོག་གསར་པ་དང་སྔོན་ཐོན་ཉིང་གློག་ལག་རྩལ་སོགས་ཀྱི་གྲོས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།