ལུས་སེམས་གཉིས་ཀའི་གསོས་སུ་སྨིན་པའི་གྲོ་ཐུག
ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་རྒྱལ་ཟླ་ཤར་བ་དང་བསྟུན་ནས་གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན། མ་གཞི་བྱང་ཕྱོགས་དང་འདྲ་བར་གྲང་ངར་ཆེན་པོ་མེད་ནའང་རུས་ཟུག་རྒྱག་པའི་ཚོར་སྣང་ཞིག་འགོག་མེད་དུ་སྟེར། ཐང་གཤོངས་སུ་ཆགས་པའི་པེ་ཅིང་ནས་ས་མཐོའི་གྲོང་ཁྱེར་ཆུང་ངུ་ལིན་ཐན་དུ་གནས་སྦྱར་རོགས་སྐྱོར་ལ་ཡོང་བའི་ང་རང་ལ་མཚོན་ན་ས་བབ་དང་གནམ་གཤིས་མི་འཕྲོད་པ་ནི་མདུན་དུ་ལྷག་པའི་དཀའ་ཚེགས་ཆེ་ཤོས་དེ་རེད།
ཞོགས་ཟས་བཟས་ཚར་མ་ཐག་དྲོད་ཁང་གི་སྔོ་ཚལ་རྣམ་གྲངས་ཤིག་ལ་མཉམ་དུ་ལྟ་བར་འགྲོ་དགོས་པའི་བརྡ་ཐོ་འབྱོར་བྱུང་། རླངས་འཁོར་གྲོང་ཁྱེར་ནས་དོན་མ་ཐག་ཀྱག་ཀྱོག་དང་འབར་འབུར་གྱིས་ཁེངས་པའི་ལམ་བུས་ང་རང་རླངས་འཁོར་ནང་མགོ་ཡུ་འཁོར་བ་མ་ཟད། དམིགས་སར་སླེབས་རྗེས་མི་བདེ་བའི་ཚོར་བ་དེ་ད་དུང་ཡང་ཡལ་མི་འདུག ངས་རྣམ་འགྱུར་རྒྱུན་གཏན་ལྟར་སྟོན་གང་ཐུབ་བྱས་ཀྱང་། ལས་རོགས་ཚོས“ཁྱེད་རང་བདེ་པོ་མི་འདུག་གམ། ལ་དུག་ཕོག་པ་མ་ཡིན་ནམ། འདིར་ས་བབ་སྨི་2900ལྷག་ཙམ་ཡོད”ཅེས་སེམས་རྩ་འཁོལ་པོས་བཤད་བྱུང་།
སྐབས་དེར། ལས་རོགས་ཤིག་གིས་ང་ལ་ཐུག་པ་ཕོར་པ་གང་སྤྲོད་ཞོར་དུ་ས་ཆ་འདི་གའི་མི་རྣམས་ཀྱིས་འདིའི་མིང་ལ་གྲོ་ཐུག་ཟེར་གྱི་འདུག ས་མཐོར་གསོ་རླུང་དཀོན་པས་གྲོད་པ་ལྟོགས་སླ་པོ་ཡོད། འདི་ནི་ས་གནས་ཀྱིས་གྲ་སྒྲིག་བྱས་པ་ཞིག་རེད། དེ་ཡང་ཁྲག་གི་མངར་རྩི་ཉུང་དུ་འགྲོ་བར་སྔོན་འགོག་བྱ་ཆེད་རེད་ཅེས་བརྗོད་བྱུང་། ཁམ་གང་བཏུངས་རྗེས་ཐུག་པ་དེའི་ཚྭ་ཏག་ཏག་ཡིན་པ་མ་ཟད། ཞིམ་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་བྱུང་བ་དང་། ཐང་ཆད་པའི་ངའི་གཟུགས་པོའང་བདེ་རུ་ཕྱིན་སོང་བས་མགྱོགས་པོར་ལྟ་སྐོར་རུ་ཁག་གི་རྗེས་ཟིན་པར་བསྐྱོད་པ་ཡིན།
དེའི་རྗེས་སུ་ག་དུས་ཡིན་ཡང་ངས་གྲོ་ཐུག་དེ་གསལ་པོར་དྲན་གྱི་འདུག ལིན་ཐན་གྱི་གྲོགས་པོས་བཤད་པ་ལྟར། དེ་ནི་སྤྱིར་བཏང་གི་གྲོ་ཐུག་ཞིག་མིན་པ་གཞི་ནས་རྟོགས་བྱུང་། ལིན་ཐན་དུ་གྲོ་ཐུག་དེ་ནི་ཁྱིམ་ཚང་ཀུན་ལ་རྒྱུས་མངའ་ཡོད་པའི་ས་གནས་ཀྱི་ཞིམ་ཟས་ཤིག་ཏུ་བརྩིས་ཆོག ས་གནས་དེ་གར་བྱེད་སྒོ་ཆེ་གྲས་སྤེལ་བ་དང་། ལྷག་པར་དུ། གནམ་གཤིས་གྲང་མོ་ཡོད་པའི་སྐབས་སུ་གཙོ་གཉེར་ཕྱོགས་ཀྱིས་གྲོ་ཐུག་གྲ་སྒྲིག་བྱེད་པ་དེ་གོམས་སྲོལ་ཞིག་ཏུ་གྱུར་ཡོད། ད་དུང་མི་ལ་ལས་བྱེད་སྒོའི་ཐོག་གི་གྲོ་ཐུག་དེ་གཞན་ལས་ཞིམ་པ་ཡོད་ལུགས་བརྗོད་ཀྱི་ཡོད། གྲོ་ཐུག་སྟེར་བ་ནི་བདག་པོའི་སེམས་རྩ་འཁོལ་པོ་དང་། སྙིང་ཉེ་བ་མཚོན་པ་ཙམ་མ་ཟད། ལྷག་པར་དུ་གཟབ་རྒྱས་མཚོན་བྱེད་རེད།
གྲོ་ཐུག་ནི་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་དཀའ་ཚེགས་ཆེ་བའི་ལོ་ཟླའི་ཁྲོད་ནས་བྱུང་བ་ཞིག་ཡིན་ཞིང་། ཤོད་སྲོལ་ལ་དེ་གོང་ས་ཆ་གཞན་དུ་རྒྱལ་ཟླའི་ཐུག་པ་བཏུང་བའི་དུས་ཚིགས་ཤར་དུས་ལིན་ཐན་གྱི་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པའི་ཁར་ཐོན་འབབ་ཀྱང་དཀོན་པོ་ཡོད་པས་རྒྱུ་ཆ་མང་པོ་གྲ་སྒྲིག་བྱེད་ཐུབ་ཀྱི་མེད། དེས་ན་མི་རྣམས་ཀྱིས་རྒྱུ་ཆ་རང་ས་ནས་བླངས་ཏེ་གྲོ་ཐུག་བསྐོལ་གྱི་ཡོད། དེ་ལྟར་བྱས་ཚེ་གྲོད་པ་རྒྱགས་པ་མ་ཟད། དུས་ཆེན་ཡང་གཏོང་ཐུབ་ཀྱི་ཡོད་པས་གྲོ་ཐུག་དེ་ས་གནས་དེ་གའི་མི་རྣམས་ཀྱི་དམིགས་བསལ་གྱི་དྲན་ཤེས་ཤིག་ཏུ་གྱུར་ཡོད། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་གྲོ་ཐུག་ནང་ཟས་སྣ་མང་པོ་ཁ་སྣོན་བྱེད་བཞིན་ཡོད། གྲོ་ཐུག་ནི་མི་རྣམས་ཀྱིས་གྲང་ངར་འགོག་པ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་རྒྱུས་དང་མཉམ་དུ་འགྲོགས་ནས་བྱུང་བ་ཞིག་རེད།
ལིན་ཐན་ལ་གནའ་བོའི་དུས་སུ“ཐའོ་ཀྲོའུ”ཞེས་བརྗོད་ཀྱི་ཡོད། མིང་རྒྱལ་རབས་དུས་སུ་དེ་གར་དམག་སྡོད་ས་སློག་གིས་མཐའ་མཚམས་སྲུང་ཚུན་མི་རིགས་མང་པོའི་རིག་གནས་དེ་གར་རིམ་བཞིན་མཉམ་འདྲེས་བྱུང་ཡོད། ང་ལ་རྩམ་པ་དང་། སྣུམ་བཙོས། གྲོ་ཟས་སོགས་ཐའོ་ཀྲོའུ་ཡི་ཞིམ་ཟས་མང་པོ་ཞིག་གི་བྲོ་བ་སྔ་རྗེས་སུ་མྱོང་རྒྱུ་བྱུང་སོང་། ཞིམ་ཟས་དེ་དག་ནི་དང་ཐོག་མི་རིགས་ཁག་ནས་བྱུང་བ་ཞིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་མི་དམངས་ཀྱིས་དགའ་པོ་བྱེད་པའི་ས་གནས་ཀྱི་ཞིམ་ཟས་སུ་རིམ་བཞིན་གྱུར་ཡོད། ད་ཆ་ང་རང་པེ་ཅིང་དུ་ལོག་ནའང་ལ་དུག་གསོ་བའི་གྲོ་ཐུག་དེ་ནམ་ཡང་བརྗེད་མྱོང་མེད། དེ་ནི་ལུས་སེམས་གཉིས་ཀའི་གསོས་སུ་སྨིན་པའི་གྲོ་ཐུག་ཅིག་རེད།