དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞན་ཆ་གསབ་པ་དང་། གྲུབ་ཆ་ལེགས་སྒྲིག འཕར་རྒྱུ་བརྟན་པོ་ཡོང་བ་བཅས་བྱས་ཏེ།

    ས་གནས་སྲིད་གཞུང་གི་ཆེད་དོན་དངུལ་བུན་འདང་ངེས་དང་བེད་སྤྱོད་ཡག་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཤིན་གཡོད། ཧན་ཅུན་ཅེ། ཝུའུ་ཅུན།   |     སྤེལ་དུས།  2024-10-27

    ཁྲུང་ཆིང་མཐོ་གསར་ཁུལ།

    ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་དམངས་འཚོའི་ཞན་ཆ་གསབ་པ།

    ཁྲུང་ཆིང་མཐོ་གསར་ཁུལ་གྱི་ཙེང་ཅ་གྲོང་རྡལ་ལུང་དབྱིན་སྡེ་ཁུལ་ལུང་དབྱིན་ཁུལ་ཆུང་དུ་སྐྱོད་སྐབས་ལི་མདོག་གི་འགྱིག་གི་རྒྱུག་ལམ་དང་། དཀར་སེར་སྤེལ་མའི་ཐོག་ཁང་། འཐུས་སྒོ་ཚང་བའི་ལུས་རྩལ་སྒྲིག་ཆས་བཅས་མི་རྣམས་ཀྱི་མིག་ལམ་དུ་ཁྲ་ལྷམ་མེར་འཆར། “དེ་སྔ་ཐོག་བརྩེགས་ཁང་ཆེན་ནས་ཆུ་འཛག་པ་དང་། གྱང་གི་སོ་ཕག་ལྷུང་བ། ཁུལ་ཆུང་གི་ཁོར་ཡུག་ཞན་པ་བཅས་ཡོད་མོད། ད་ཆ་གནད་དོན་ཚང་མ་ཐག་གཅོད་ཐུབ་པ་མ་ཟད། ད་དུང་སྒྲིག་ཆས་གསར་པ་མང་པོ་སྒྲིག་སྦྱོར་བྱས་ཡོད་པས་དངོས་གནས་ཡག་པོ་འདུག”ཅེས་སྔ་པོ་ནས་སྦྱོང་བརྡར་བྱེད་པར་ཡོང་བའི་གྲོང་མི་ལི་ཧུང་གིས་ཁུལ་ཆུང་གི་འགྱུར་ལྡོག་ལ་བློ་ཡིད་ཚིམས་པོ་བྱེད་ཅིང་བཤད།

    ལུང་དབྱིན་ཁུལ་ཆུང་དེ་2003ལོར་བསྐྲུན་པ་དང་རིམ་བཞིན་སྒྲིག་ཆས་རྙིང་ཧྲུལ་ཆགས་པ་དང་ཆབས་ཅིག་མེ་ཟོན་དང་། ཆུ་དྲེག རླངས་འཁོར་འཇོག་ཡུལ། སྔོ་འགྱུར་སོགས་ཀྱི་གནད་དོན་ཐད་གྲོང་མིར་དཀའ་ངལ་འཕྲད། 2022ལོའི་ཟླ་4པར་ཁྲུང་ཆིང་མཐོ་གསར་ཁུལ་འཛུགས་སྐྲུན་ཅུས་དང་། ཙེང་ཅ་གྲོང་རྡལ་སྲིད་གཞུང་། ལུང་དབྱིན་སྡེ་ཁུལ། ཁྲུང་ཆིང་ཚན་རིག་གྲོང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ་བཅས་ཕྱོགས་བཞིའི་ལས་དོན་པས་མཉམ་འབྲེལ་ཐོག་བརྟག་ཞིབ་གཏིང་ཟབ་དང་དུད་ཚང་རེ་རེ་བཞིན་དུ་འཚམས་འདྲི་བྱས་ཏེ་མཐར་ལུང་དབྱིན་ཁུལ་ཆུང་སྒྱུར་བཀོད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་ནི་གྲོང་ཁྱེར་གྱི་འཕེལ་རྒྱས་དོ་སྙོམས་མ་བྱུང་བ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། དམངས་འཚོའི་ཞན་ཆ་གསབ་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། འོན་ཀྱང་འབྲེལ་ཡོད་རྣམ་གྲངས་གསར་སྤེལ་གྱི་དུས་ཡུན་ཅུང་རིང་བ་དང་། ཁེ་བཟང་གནས་ཚུལ་གསལ་པོ་མེད་པ། ལག་བསྟར་གོ་རིམ་རྙོག་འཛིང་ཆེ་བ། གཉེར་སྐྱོང་སྲུང་སྐྱོང་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པའི་ཧུར་སེམས་ཆེན་པོ་མེད་པ་རེད། ཉེ་བའི་ལོ་ཤས་རིང་ཁྲུང་ཆིང་མཐོ་གསར་ཁུལ་གྱིས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དེ་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་མ་དངུལ་ཡོང་ཁུངས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ཡོད། 2022ལོའི་ལོ་མཇུག་ཏུ་ཁྲུང་ཆིང་མཐོ་གསར་ཁུལ་གྱི་ནོར་སྲིད་ཅུས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་ནོར་སྲིད་ཅུས་ལ་སྲིད་གཞུང་གི་ཆེད་དོན་བུན་དངུལ་རེ་ཞུ་བྱས་ནས་ལུང་དབྱིན་ཁུལ་ཆུང་རྙིང་པའི་དུས་ཐེངས་དང་པོའི་སྒྱུར་བཀོད་ལས་གྲྭར་རྒྱབ་སྐྱོར་བྱས་པ་རེད།

    མ་དངུལ་དམིགས་སར་འབྱོར་བ་དང་ཆབས་ཅིག ན་ནིང་ཟླ་3པར་ལུང་དབྱིན་ཁུལ་ཆུང་གི་སྒྱུར་བཀོད་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    མིག་སྔར། ལུང་དབྱིན་ཁུལ་ཆུང་སྒྱུར་བཀོད་ཐད་སྤྱད་པའི་ས་གནས་ཀྱི་ཆེད་དོན་བུན་དངུལ་གྱིས་གྲོང་མི་དུད་ཚང་2615ལ་ཕན་པ་ཐོབ་པ་དང་སྒྱུར་བཀོད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་37.68ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་མཐོ་གསར་ཁུལ་གྱིས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་དང་ཆེད་དོན་བུན་འཛིན་སོགས་ཚུད་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས། སྲིད་གཞུང་གི་བུན་འཛིན་མ་དངུལ་གྲབས་གསོག་བྱས་ཏེ་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད། ས་འོག་མདོང་དྲ་སྒྱུར་བཀོད་སོགས་དམངས་འཚོའི་རྣམ་གྲངས་ཐད་སྤྱད་པ་རེད།

    ཨན་ཧུའེ་ཝུའུ་ཧུའུ།

    རིག་ནུས་དྲ་སྦྲེལ་གྱི་རླངས་འཁོར་ཐོན་ལས་གླིང་བསྐྲུན་ནས་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    ཨན་ཧུའེ་ཝུའུ་ཧུའུ་ཆི་རུའེ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་རིག་ནུས་བཟོ་གྲྭ་དང་པོའི་ཚ་ལ་རྒྱག་སའི་འཁོར་ཁང་དུ་སྐྱོད་སྐབས། སྨི་ངོས་གྲུ་ཁྲི་5.5ཡོད་པའི་བཟོ་ཁང་ནང་འཕྲུལ་ཆས་660ལྷག་ཙམ་གྱིས་ཚ་ལ་རྒྱག་པ་དང་། འབྱར་རྫས་བྱུག་པ། ཞིབ་དཔྱད་ཚད་ལེན། དབོར་འདྲེན་བཅས་བྱེད་བཞིན་འདུག ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཟླ་3པར་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད་ཚ་ལ་རྒྱག་སའི་འཁོར་ཁང་རང་འགུལ་ཅན་དུ་འགྱུར་ཚད་97%ཟིན་པ་དང་ཟླ་རེར་རླངས་འཁོར་1200ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པ་རེད།

    2021ལོར། ཝུའུ་ཧུའུ་ཡིས་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཆི་རུའེ་རླངས་འཁོར་སྣེ་འདྲེན་དུ་བྱས་པའི་རིག་ནུས་དྲ་སྦྲེལ་རླངས་འཁོར་ཐོན་ལས་གླིང་དང་ལེ་ལག་ཚང་བའི་ཟོག་འགྲེམས་གླིང་འཆར་འགོད་འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་འདུན་ཞུ་བྱས་པ་དང་འབྲེལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆོག་མཆན་ཐོབ་རྗེས་ཨན་ཧུའེ་ཞིང་ཆེན་གྱིས་ས་གནས་ཀྱི་ཆེད་དོན་བུ་ལོན་ཚབ་འགྲེམས་བྱས་ནས་ཐོན་ལས་གླིང་དང་ལེ་ལག་ཚང་བའི་ཟོག་འགྲེམས་གླིང་འཛུགས་སྐྲུན་ཐད་སྤྱད་པ་རེད།

    ཝུའུ་ཧུའུ་དཔལ་འབྱོར་གསར་སྤེལ་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁུང་ཝུན་གྱིས“འདི་ལོའི་ཟླ་3པའི་བར་རིག་ནུས་དྲ་སྦྲེལ་རླངས་འཁོར་ཐོན་ལས་གླིང་དང་དེའི་ལེ་ལག་ཚང་བའི་པིན་ཅང་ཟོག་འགྲེམས་གླིང་གིས་ཆེད་དོན་བུན་འཛིན་གྱི་མ་དངུལ་སོགས་སྤྱད་དེ། ཐོན་སྐྱེད་འཁོར་ཁང་དང་ཟོག་འགྲེམས་འཁོར་ཁང་ཁག་གཅིག་བསྐྲུན་ནས་ཁེ་ལས་ཀྱི་ཐོན་སྐྱེད་བྱ་ཡུལ་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཡོད”ཅེས་བཤད།

    ཝུའུ་ཧུའུ་གྲོང་ཁྱེར་དབྱིན་ཧུའུ་ཁེ་ལས་ཚད་ཡོད་ཀུང་སིའི་ལས་གྲྭ་པུའི་པུའུ་ཀྲང་ཀའོ་ལེང་གིས“སྲིད་གཞུང་གིས་བཟོ་ཁང་བསྐྲུན་རྗེས་ཁེ་ལས་ལ་གཡར་ནས་སྤྱོད་དུ་འཇུག་གི་ཡོད”ཅེས་བཤད་པ་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་དྲིན་གྱིས་ཁེ་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་མ་དངུལ་འབོར་ཆེན་གྲོན་ཆུང་ཐུབ་ཐོག མ་དངུལ་དེ་བས་མང་བ་ལག་རྩལ་ཞིབ་སྤེལ་ཐད་སྤྱོད་ཆོག་གི་ཡོད།

    ཐོན་ལས་གླིང་གི་རྣམ་གྲངས་གཙོ་བོ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་རྩིས་སྤྲོད་བེད་སྤྱོད་བྱས་པ་དང་ཆབས་ཅིག ཁེ་ལས་མི་ཉུང་བ་ཞིག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། “ཆི་རུའེ་རླངས་འཁོར་སོགས་ཁེ་ལས་དང་དེ་བཞིན་ཁེ་ལས་མང་པོ་གཅིག་ཏུ་འདུས་པས་ཝུའུ་ཧུའུ་རླངས་འཁོར་གྱི་ཐོན་ལས་ལེགས་ཆ་སྔར་བས་བརྟན་དུ་ཕྱིན་པ་དང་ཐོན་ལས་རིམ་པ་དང་གསར་གཏོད་ནུས་པ་ཆེ་རུ་ཕྱིན་ཡོད”ཅེས་ཝུའུ་ཧུའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཧྲི་ཧྲེང་གིས་བཤད།

    འདི་ལོ་ནས་བཟུང་། ཝུའུ་ཧུའུ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུའི་གསར་འཕར་ཆེད་སྤྱོད་བུ་ལོན་འགྲེམས་སྤེལ་བྱས་ནས་རྣམ་གྲངས་118ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་རེད། ཝུའུ་ཧུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཉིང་པོས“ང་ཚོས་ཆེད་དོན་བུ་ལོན་བེད་སྤྱོད་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ཐོན་ལས་རིམ་སྤོར་གྱི་རྣམ་གྲངས་ལ་སྔར་བས་རྒྱབ་སྐྱོར་བྱས་ཏེ། ཝུའུ་ཧུའུ་ཡི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།