རང་ལྗོངས་ཀྱིས་རིག་ནུས་ཅན་གྱི་ལས་སྟེགས་བསྐྲུན་པ།
ནད་ཡམས་ཞིབ་བཤེར་གྱི“ཤོག་མེད”དཔང་ཡིག་སྤྲད་དེ་ཤ་རིགས་ཀྱི་ཡོང་ཁུངས“ཨང་རྟགས་བཤེར”ནས་བློ་བདེ་པོས་ཉོ་ཆོག་པ།
གསར་འགོད་པར་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཕྱུགས་སྨན་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་རང་ལྗོངས་ཀྱིས“བོད་ཀྱི་འབྲོག་ལས་ཐོན་རྫས་སྐྱེལ་འདྲེན་མ་ལག”སྤྱོད་འགོ་ཚུགས་ཚུན། བཟའ་བཅའི་བདེ་འཇགས་དོ་དམ་དང་། ཚད་གཞི། ལྟ་འདོམས་བཅས་མ་ལག་གི“ཚད་གཞི་གསུམ་གཅིག་ཏུ་བསྒྲིལ་བའི་ཁུངས་བཤེར་མ་ལག”གིས་འབྲི་གཡག་ཁྲི་556དང་ལུག་ཁྲི་228ལ་གློག་རྡུལ་ཉིང་ལྷེབ་ཀྱི་རྣ་ཚར་བརྒྱབ་ནས། སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་གྱི་ཤོག་མེད་རྣམ་པའི་དཔང་ཡིག(དཔང་ཡིག་A)དང་ཤ་སྤུས་ཞིབ་བཤེར་ཚད་ལོན་ལག་ཁྱེར་སྤྲད་ཡོད། གཅེས་ཉར་སྲོག་ཆགས་ནང་སར་འཁྱེར་སྐབས་ཀྱང་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད་ནད་ཡམས་ཞིབ་བཤེར་རེ་ཞུ་བྱས་ཏེ་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་དང་ཞིབ་བཤེར་ལས་དོན་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་བསལ་ཏེ། བོད་ཀྱི་འབྲོག་ལས་སྤུས་རྟགས་གཏོད་པར་རམ་འདེགས་བྱས་ཡོད་པ་རེད།
ལྷ་སའི་གླིང་སྐོར་ལམ་གྱི་ས་གཙང་ཁྱིམ་མཚེས་ལྟེ་གནས་ཀྱི་ཤ་འཚོང་སར། གསར་འགོད་པས་རྩ་གཉིས་ཨང་རྟགས་སྦྱར་བ་མཐོང་བྱུང་། “འདི་ནི་ཤ་རིགས་ཁུངས་བཤེར་གྱི་རྩད་ཞིབ་རྟགས་རིས་རེད། མང་ཚོགས་ཚོས་ལག་ཐོགས་ཁ་པར་གྱིས་རྩ་གཉིས་ཨང་རྟགས་བཤེར་བ་བརྒྱུད་ཤ་རིགས་ཐོན་སའི་ས་ཆ་དང་། སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་དཔང་ཡིག ཤ་སྤུས་ཞིབ་བཤེར་ཚད་ལོན་ལག་ཁྱེར་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་ཐུབ། ཕྱུགས་རིགས་དང་བྱ་རིགས་ཕྱིར་བཙོངས་པ་ནས་བཤས་གཏོང་བ་སོགས་ལྷུ་ཚིགས་ཁག་གི་ཐོན་སྐྱེད་གྲངས་གཞི་གསལ་པོ་ཤེས་ཐུབ” “བོད་ཀྱི་འབྲོག་ལས་ཐོན་རྫས་སྐྱེལ་འདྲེན་མ་ལག”ལ་བརྟེན་ནས་ནོར་ལུག་དང་ཕག་པ་སོགས་ལ་སྐྱེས་མ་ཐག་ནས“རྣ་ཚར”རྒྱག་གི་ཡོད། “གསོ་ཚགས་ཟིན་ཐོ་དང་། རིམས་འགོག་ཟིན་ཐོ། སྨན་སྤྱོད་ཟིན་ཐོ་སོགས་ཞིབ་བཤེར་ནད་རྟགས་དང་། བཤས་གཏོང་། སྐྱེལ་འདྲེན་བཅས་ཀྱི་ཆ་འཕྲིན་ཚང་མ་མ་ལག་ནང་བཀོད་ཀྱི་ཡོད”ཅེས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཕྱུགས་སྨན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
2023ལོའི་ལོ་འགོར། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན(རང་སྐྱོང་ལྗོངས)ཧྲིལ་པོར་སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་ཚད་ལོན་གྱི་ཤོག་མེད་རྣམ་པའི་དཔང་ཡིག(དཔང་ཡིག་B)སྤྲད་པ་དང་། འདི་ལོའི་ཟླ་ལྔ་པར། སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་ཚད་ལོན་གྱི་ཤོག་མེད་རྣམ་པའི་དཔང་ཡིག(དཔང་ཡིག་A)དང་ཤ་སྤུས་ཞིབ་བཤེར་ཚད་ལོན་ལག་ཁྱེར་སྤྲོད་ཐུབ་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱིས“བོད་ཀྱི་འབྲོག་ལས་ཐོན་རྫས་སྐྱེལ་འདྲེན་མ་ལག”ནང་ཐོ་འགོད་བྱས་པའི་ལྟ་འདོམས་ཚན་པ་དང་ལས་གཉེར་བྱེད་པོ་ཁྲི་25ཡན་ཟིན་ནས་གྲངས་གཞི་ཐོན་ཚད་ཁྲི་120ཙམ་ཟིན་ཡོད་པ་རེད།
ཉིན་ཤས་གོང་། རང་ལྗོངས་ཀྱི“གཅེས་ཉར་སྲོག་ཆགས་སྐྱེལ་འདྲེན་གྱི་འགྲོ་ལུགས་གཉེར་བའི་སྐད་འཕྲིན་བྱ་རིམ་ཆུང་གྲས”སྤྱོད་འགོ་ཚུགས་ཡོད། “གལ་ཏེ་ཞི་མི་དང་ཁྱི་སོགས་གཅེས་ཉར་སྲོག་ཆགས་ནང་སར་འཁྱེར་འདོད་ཚེ། སྐད་འཕྲིན་གྱི་འགྲོ་ལུགས་གཉེར་བའི་བྱ་རིམ་ཆུང་གྲས་ནས་ནད་ཡམས་ཞིབ་བཤེར་རེ་ཞུ་བྱེད་ཆོག ཁྱི་ལ་གཅེས་ཉར་སྲོག་ཆགས་ནད་བརྟག་སྨན་བཅོས་སྒྲིག་གཞིར་ཞིབ་བཤེར་བྱས་ནས་དུག་སྲིན་འགོག་རྫས་ཀྱི་དཔང་ཡིག་ཐོ་བཀོད་བྱེད་དགོས་པ་ཕུད། གཅེས་ཉར་སྲོག་ཆགས་གཞན་དག་ཆུ་ཚོད་ཕྱེད་ཀའི་ནང་རིན་མེད་ཀྱི་གློག་རྡུལ་པར་གཞིའི་སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་ཚད་ལོན་དཔང་ཡིག(དཔང་ཡིག་A)ལེན་ཐུབ་ཀྱི་ཡོད”“སྔོན་ཆད་ཤོག་བུའི་ཐོག་བྲིས་ནས་རེ་ཞུ་བྱེད་སྐབས་ནད་ཡམས་ཞིབ་བཤེར་རེ་ཞུ་ས་ཚིགས་དང་གཅེས་ཉར་སྲོག་ཆགས་ནད་རྟགས་སྨན་བཅོས་སྒྲིག་གཞི་གཉིས་ཀར་ཡར་རྒྱུག་མར་རྒྱུག་བྱེད་དགོས། སྐབས་རེ་ཉིན་གཅིག་ནང་སྒྲུབ་ཚར་གྱི་མེད”ཅེས་ལྷ་ས་གྲོང་ཁྱེར་སྲོག་ཆགས་ནད་ཡམས་ཞིབ་བཤེར་སུའོ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད། དེ་དང་ཆབས་ཅིག རང་ལྗོངས་ཀྱིས་སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་ཚད་ལོན་གྱི་ཤོག་མེད་རྣམ་པའི་དཔང་ཡིག(དཔང་ཡིག་A)ཁྱོན་ཡོངས་ནས་སྤྲོད་ཀྱི་ཡོད། དཔང་ཡིག་དེ་བརྒྱུད་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་ཆ་འཕྲིན་ཚང་མ་ཁུངས་འདེད་བྱེད་ཐུབ། “བོད་ཀྱི་འབྲོག་ལས་ཐོན་རྫས་སྐྱེལ་འདྲེན་མ་ལག”བརྒྱུད། འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་སྒྲོལ་ནས་གཏོང་འདྲེན་བྱས་པའི་སྲོག་ཆགས་ཀྱི་གནས་ཚུལ་ཡང་དུས་ཐོག་ཏུ་ཤེས་ཐུབ་ཀྱི་ཡོད་པ་རེད།