གོར་ཁུར་ལྕགས་ལམ(མཚོ་སྔོན་དུམ་བུ)ནུས་སྐྱེད་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་གཙོ་བོ་བདེ་བླག་ངང་ལས་མཇུག་འགྲིལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་15ཉིན། གོར་མོ་ནས་ཁུར་ལེ་བར་གྱི་ལྕགས་ལམ(མཚོ་སྔོན་དུམ་བུ)གྱི་གསར་བཙུགས་མེ་འཁོར་བབས་ཚུགས་མཐའ་མ་སྟེ་ཧུའུ་ལུན་ཧོ་བབས་ཚུགས་ཤར་གཏོང་བདེ་བླག་ཐུབ་པ། དེ་ཐོག་ནས་གོར་ཁུར་ལྕགས་ལམ(མཚོ་སྔོན་དུམ་བུ)ནུས་སྐྱེད་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་གཙོ་བོ་བདེ་བླག་ངང་ལས་མཇུག་འགྲིལ་བ་མཚོན་ཞིང་། གོར་ཁུར་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་ཕྱོད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
“བྱེ་ཐང་ཆེན་པོའི་དར་གོས་ལམ་བུ་གསར་པ”ཞེས་སུ་གྲགས་པའི་གོར་ཁུར་ལྕགས་ལམ་དེ་ཤར་ནས་མཚོ་སྔོན་གོར་མོ་གྲོང་ཁྱེར་དང་ནུབ་ནས་ཤིན་ཅང་ཁུར་ལེ་གྲོང་ཁྱེར་བར་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་1213ཙམ་ཡོད་ཅིང་། འདི་ནི་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་ལྕགས་ལམ་དང་། ལིན་ཧོ་ནས་ཧ་སྨི་བར་གྱི་ལྕགས་ལམ་རྗེས་ཀྱི་ཤིན་ཅང་ནས་ཐོན་པའི་ལྕགས་ལམ་བགྲོད་ལམ་ཆེན་པོ་གསུམ་པ་དེ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གོར་ཁུར་ལྕགས་ལམ(མཚོ་སྔོན་དུམ་བུ)ནུས་སྐྱེད་སྒྱུར་བཀོད་ལས་གྲྭར་གཙོ་བོ་སྔོན་འཇོག་གཡོལ་བྱེད་བབས་ཚུགས་20མང་དུ་གཏོང་བ་དང་། ད་ཡོད་ཀྱི་བབས་ཚུགས་5སྒྱུར་བཀོད། དེ་མཚུངས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་བཅས་ཚུད་ཡོད་པ་རེད།
ལས་གྲྭ་སྒྱུར་བཀོད་ལེགས་གྲུབ་བྱུང་རྗེས། གོར་ཁུར་ལྕགས་ལམ་དུ་མེ་འཁོར་གཏོང་གྲངས་མིག་སྔའི་13ནས་19བར་མང་དུ་འགྲོ་བ་དང་། སྐྱེལ་འདྲེན་ནུས་པ་མིག་སྔའི་ལོ་རེར་ཏུན་ཁྲི་1600ནས་ལོ་རེར་ཏུན་ཁྲི་3300བར་མང་དུ་ཕྱིན་ཏེ། ཤིན་ཅང་ནས་ཐོན་པའི་བགྲོད་ལམ་གྱི་སྐྱེལ་འདྲེན་བྱེད་ནུས་ཛ་དྲག་པའི་ད་ཡོད་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།