རྣམ་གླིང་རྫོང་གིས་གྲོང་ཚོའི་ལས་བྱེད་པ་ཧྲན་ཏུང་དུ་སློབ་སྦྱོང་གསོ་སྦྱོང་བྱེད་པར་མངགས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨུད་རྩ་འཛུགས་པུས་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་དང་མཉམ་དུ་ཝེ་ཧྥང་གྲོང་ཁྱེར་དུ་2024ལོའི་གྲོང་ཚོའི“སྣེ་ཁྲིད”ལས་བྱེད་པའི་ལྗོངས་ཕྱིའི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་གཉེར་ནས། རིག་སྟོབས་བོད་སྐྱོར་གྱི་གྲུབ་འབྲས་སྔར་བས་ཟབ་ཏུ་བཏང་བ་དང་། ཆབ་སྲིད་དང་། སྤྱོད་ཚུལ། ལས་སྒོ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་སྟེ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བ་རེད།
དུས་ཡུན་ཉིན་8ཀྱི་སློབ་སྦྱོང་གསོ་སྦྱོང་བྱེད་རིང་། རྣམ་གླིང་རྫོང་གི་གྲོང་ཚོའི་ལས་བྱེད་པ་30ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཝེ་ཧྥང་གི་ཉམས་མྱོང་། ཁྲིམས་སྐྱོང་བསམ་གཞིག་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་མཛུབ་ཁྲིད་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཤིང་། ཧྲོའུ་ཀོང་གྲོང་ཁྱེར་ཚུའེ་ལིན་ཤིས་གྲོང་ཚོ་དང་། ཁྲང་ལེ་རྫོང་གི“ཀྲོ་མ་ཀྲུའུ་འདེབས་ཡུལ” ཁུའེ་ཝུན་ཆུས་ནན་ཐུན་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་འགྲེམས་ཁང་སོགས་ལག་ལེན་སློབ་ཁྲིད་ས་ཚིགས་སུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི“འཕྲལ་གཅོད་ཐབས་མཆོག”སྤེལ་རེས་དང་། ལས་ཀའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱེད་སྟངས་འཚོལ་ཞིབ་བྱས་པ་བརྒྱུད། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། མཐོང་རྒྱ་དང་བསམ་བློའི་རྒྱ་བསྐྱེད་ནས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་བ་རེད།
གསོ་སྦྱོང་མཇུག་འགྲིལ་རྗེས། སློབ་མ་ཚོས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་ཤེས་བྱ་སློབ་སྦྱོང་ནན་ཏན་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་སྲུང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་སོགས་ཐད་ཀྱི་རང་ངོས་ཀྱི“སྣེ་ཁྲིད་པའི”ནུས་པ་གང་ལེགས་འདོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད།