དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྔོ་ཚལ་དྲོད་ཁང་ལེགས་པར་བསྐྲུན། དམངས་ཀྱི་ཡོང་འབབ་མང་དུ་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-25

    དྲོ་འཇམ་ཉི་འོད་འཕྲོས་པའི་མོད་ལ། ས་གཞི་ཆེན་པོར་དྲོད་ཀྱིས་ཁེངས། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གྲའུ་གྲོང་གྲོང་ཚོའི་ཡུལ་མི་དབང་འདུས་ཀྱིས་བྲེལ་འཚུབ་ཀྱི་ཞིང་ལས་ཚར་རྗེས། ལས་གོས་གྱོན་ཏེ་ཐག་མི་རིང་བའི་སར་གནས་པའི་ཞིང་ལས་འདེབས་འཛུགས་རྟེན་གཞིར་བསྐྱོད།

    དཔའ་རྩལ་ཤང་བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཞིང་ལས་འདེབས་འཛུཌ་རྟེན་གཞིར་སྐྱོད་སྐབས་དྲོད་ཁང་ཆེན་པོ་སྟར་པ་རེ་རེ་མིག་ལམ་དུ་འཆར་འོངས་ལ། དྲོད་ཁང་ཆེན་པོའི་ནང་དབང་འདུས་ཀྱིས་བྱང་ཆ་དོད་པོས་རྩྭ་ངན་འཐུ་བཞིན་འདུག དེར་སྔོ་ཚལ་གང་དགོས་ཡོད་པ་མ་ཟད་སྔོ་ཚལ་སྐྱེ་འཚར་ཡང་ཡག་པོ་ཡོད་ལ། སྔོན་མ་ཞིང་ཁ་བཏབ་ནས་འཚོ་བ་སྐྱེལ་བའི་དབང་འདུས་ད་ཆ་སྔོ་ཚལ་འདེབས་མཁན་མཁས་པ་ཞིག་ཏུ་གྱུར་ཡོད།

    ཁྱིམ་གྱི་ཀ་བ་ལྟ་བུའི་དབང་འདུས་ཀྱིས་སྔོན་ཆད་ཞིང་དལ་སྐབས་གླ་པ་བརྒྱུགས་ནས་ཡོང་འབབ་གསོག་གི་ཡོད། ལས་ཀ་བརྟན་པོ་མེད་པའི་ཁར། ཐག་རིང་ལ་འགྲོ་དགོས་པས་ལུས་སེམས་གཉིས་ཀར་ངལ་དུབ་ཆེན་པོ་བཟོ་བ་མ་ཟད། ཡོང་སྒོ་ཕྲན་ཙམ་ལ་བརྟེན་ནས་རང་ཁྱིམ་གྱི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ཡིན་ནའང་། 2016ལོར་བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་ནས་བཟུང་། དབང་འདུས་ཀྱི་འཚོ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཀུང་སི་དེའི་ཁོངས་མིར་གྱུར་ནས་ཁོང་གི་ལས་ཀ་གཏན་འཇགས་བྱུང་བ་མ་ཟད་ཡོང་འབབ་ཀྱང་མི་དམན་པ་ཞིག་རག

    དབང་འདུས་ཀྱིས“ཟླ་རེར་གླ་ཆ་སྒོར་4500ཡོད་ལ། གལ་སྲིད་སྔོ་ཚལ་ཡག་པོ་འདེབས་ཐུབ་ཚེ་ཐོབ་ཆ་ཐོལ་པའང་ལེན་རྒྱུ་ཡོད”ཅེས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་། ཁོང་གི་གཏམ་གླེང་ལས་བློ་ཡིད་ཚིམས་ཤིང་འབྱུང་འགྱུར་ལ་རེ་བས་ཁེངས་པའི་བསམ་པ་ཞིག་མངོན། “ཁྱིམ་དང་ཐག་ཉེ་བས། ཁྱིམ་གྱི་ལས་ཀ་ཙག་ཙིག་བྱེད་ཁོམ་འདུག་ལ། ཁྱིམ་ནས་ལས་ཀར་འགྲོ་སའི་བར་རྐང་ཐང་མར་སོང་ནའང་སྐར་མ་10ལས་འགོར་གྱི་མི་འདུག” མི་རིང་བའི་གོང་དབང་ཕྱུག་གི་ཁྱིམ་ཐོག་ཁང་གསར་པའི་ནང་སྤོས་ཤིང་། འཚོ་བའང་ཉིན་བཞིན་ཇེ་ཡག་ཇེ་སྐྱིད་དུ་འགྲོ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབང་ཕྱུག་ཡོད་སའི་ཞིང་ལས་འདེབས་འཛུགས་རྟེན་གཞིར་ས་ཁྱོན་མུའུ་760དང་། དྲོད་ཁང་ཆེན་པོ་119ཡོད་པར་ཀུ་ཤུ་དང་སྔོ་ཚལ་སྣ་ཁ་30ལྷག་ཙམ་བཏབ་ཡོད་ལ། ཉིན་རེར་ཆ་སྙོམས་སྔོ་ཚལ་ཐོན་ཚད་ཏུན་8ཟིན་པ་དེ་དག་གཞིས་རྩེ་དང་། ལྷ་ས། ནག་ཆུ། མངའ་རིས་སོགས་སུ་མཁོ་སྤྲོད་བྱེད་ཀྱི་ཡོད། རྟེན་གཞི་དེ་ནི་པ་སྣམ་རྫོང་གི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་ཐོན་སྐྱེད་དཔེ་སྟོན་ཁུལ་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཡིན་ལ། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་གཞི་ཞིག་དེ་བས་ཀྱང་ཡིན། མིག་སྔའི་བར། སྔོ་ཚལ་རྟེན་གཞིས་ས་གནས་དེ་གའི་མང་ཚོགས་450ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས། ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་ཏེ་ཡུལ་མི་མང་པོས་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་ཡོད།

    བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་ལས་ཀ་བྱེད་ཞོར་གསོ་སྦྱོང་དང་། གཅིག་སྡུད་གསོ་སྦྱོང་། སྒོ་རྩར་མཛུབ་ཁྲིད། སོན་བཟང་ཁྱབ་གདལ། སོན་དང་ལྗང་པ་མཁོ་སྤྲོད་སོགས་ལ་བརྟེན་ནས་སྔོ་ཚལ་འདེབས་འཛུགས་བྱེད་མཁན་ཞིང་པར་ལག་རྩལ་གྱི་མཛུབ་ཁྲིད་བྱས་པས། མང་ཚོགས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཡག་ཏུ་ཕྱིན་པ་མ་ཟད། ཁོང་ཚོའི་ཉེན་ཁ་འགོག་པའི་འཇོན་ཐང་ཆེ་རུ་ཕྱིན་ལ། མང་ཚོགས་ཀྱི་རང་རྟེན་ཕྱུག་འགྱུར་འཇོན་ཐང་ཡང་ཆེ་རུ་སོང་སྟེ་ཡུལ་མི་མང་པོ་ལས་མི་དཀྱུས་མ་ཞིག་ནས་ལག་རྩལ་པར་གྱུར། “སླད་ཕྱིན་འདིར་ལས་ཀ་མ་བྱས་ཀྱང་། འཚོ་ཐབས་མེད་པའི་སེམས་ཁྲལ་མི་འདུག”ཅེས་སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་ཤེས་པའི་དབང་ཕྱུག་གིས་རང་ཉིད་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།