ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས་རྒན་རྒོན་གྱི་བདེ་ཐང་ཆེད་ཆུ་ཚན་རྒྱག་པའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས“དུས་བཞིར་བརྩེ་སེམས་མངོན”ཞེས་པའི་ཟླ་རེའི་རིམ་སྤེལ་བྱེད་སྒོའི“རྒན་རྒོན་གྱི་བདེ་ཐང་ཆེད་ཆུ་ཚན་རྒྱག་པའི”བྱེད་སྒོ་སྤེལ་བ་རེད།
སྤྲོ་སྣང་དོད་ལ་དྲོ་སྐྱིད་ཀྱིས་ཁེངས་པའི་རྣམ་པའི་ཁྲོད་བདེ་སྐྱིད་སྡེ་ཁུལ་གྱི་རྒན་རྒོན་45ཡིས་དགའ་ཚོར་ཆེན་པོས་འགྲུལ་འཁོར་ཆེན་པོར་བསྡད་དེ་ཆུ་ཚན་རྒྱག་པའི་ལམ་དུ་ཆས། ལམ་བར་དུ་ཚང་མས་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་ལ་ལྟ་ཞོར་དུ་འཚོ་བའི་ཁྲོད་ཀྱི་དགོད་བྲོ་བའི་གནས་ཚུལ་གླེང་ལ། རྒན་རྒོན་ལ་ལས་ད་དུང་གླུ་གཞས་བླངས་ཏེ་འཁོར་སྒྲོམ་ནང་དགོད་སྒྲས་ཁེངས། ཆུ་ཚན་སྤྲོ་གསེང་གྲོང་ཚོའི་མཐའ་འཁོར་དུ་སྔོ་ལྗང་ལྗོན་པས་ཁེངས་པ་དང་མཁའ་རླུང་ཡང་ཡག་པོ་ཡོད། དམིཌ་སར་འབྱོར་རྗེས། རང་བྱུང་གི་མཛེས་པ་དང་དེང་རབས་ཅན་གྱི་ཆུ་ཚན་སྒྲིག་བཀོད་ལས་རྒན་རྒོན་ཚོའི་་ཡིད་དབང་རབ་ཏུ་འཕྲོག་ཤིང་། ཚང་མས་དངོས་གནས་ཡུལ་སྐྱིད་པོ་འདུག་ཅེས་བཤད།
དེ་རྗེས་སྡེ་ཁུལ་གྱི་ལས་དོན་པ་དང་ཆེད་ལས་སྨན་དོན་པའི་ཁྲིད་སྟོན་འོག་རྒན་རྒོན་ཚོ་གོ་རིམ་ལྡན་པའི་ངང་ཆུ་ཚན་རྒྱག་ཁུལ་དུ་བསྐྱོད། དྲོ་སོབ་སོབ་ཀྱི་ཆུ་ཚན་དང་ཁོར་ཡུག་ཡག་པོ་ལས་རྒན་རྒོན་ཚོར་སྐྱིད་སྣང་དང་བློ་བདེ་བག་ཕེབས་ཀྱི་སྣང་བ་སྟེར་ལ། ཆུ་རྫིང་ནང་དུ་ཁོང་ཚོ་ལ་ལས་མིག་བཙུམ་ཏེ་སྡོད་པ་དང་། ལ་ལས་རོགས་པ་དང་ཁ་བརྡར་གློད་བཞིན་འདུག
བྱེད་སྒོའི་རིང་། རྒན་རྒོན་ཚོའི་ལུས་སེམས་ལྷོད་ལ་བབས་པ་དང་ཁྱིམ་མཚེས་དབར་གྱི་བརྩེ་བའང་ཟབ་ཏུ་སོང་ཡོད། སྡེ་ཁུལ་གྱི་ལས་དོན་པས་ཐོག་མཐའ་བར་གསུམ་དུ་རྒན་རྒོན་ཚོའི་གམ་དུ་བསྡད་དེ་ཁོང་ཚོར་ཇ་བླུགས་པ་དང་། སྐྱོར་རོཌ་སོགས་ཤ་ཚའི་ཞབས་འདེགས་ཞུས།
“ད་ལོ་ནས་བཟུང་རང་ཉིད་ཀྱིས་སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་ཟླ་རེའི་བྱེད་སྒོར་ཐེངས་གསུམ་ཞུགས་པ་དང་། དེའི་ཁྲོད་ངས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་བྱུང་། བྱེད་སྒོ་དེ་དག་ལས་རང་ཉིད་ལ་སྤྲོ་སྣང་ཆེན་པོ་སྦྱིན་པ་མ་ཟད། སྡེ་ཁུལ་གྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་ཐུགས་ཁུར་གང་ལེགས་ཚོར་བྱུང་། སླད་ཕྱིན་སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་རྒྱུ་ཡིན”ཞེས་ད་ལོར་ལོ་73ལ་སླེབས་པའི་བགྲེས་སོང་ཕུན་ཚོགས་སྒྲོལ་དཀར་གྱིས་བཤད།
བདེ་སྐྱིད་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གངས་མཚོ་ཡིས་གསར་འགོད་པར། ད་ཐེངས་ཀྱི་བྱེད་སྒོ་ནི་བདེ་སྐྱིད་སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་མ་ཟད། ཆེད་ལས་ཡུལ་སྐོར་ལས་དོན་ཁང་དང་མཉམ་ལས་བྱས་པ་ཡིན། བྱེད་སྒོའི་དུས་འགོར་ཕྱོགས་གསུམ་པོས་བྱེད་སྒོའི་ཇུས་གཞིར་གྲོས་བསྡུར་དང་བཟོ་བཅོས་ཐེངས་མང་བརྒྱབ་ནས་བྱེད་སྒོའི་བརྒྱུད་རིམ་བདེ་བླག་དང་བདེ་འཇགས་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་གྱིས་བརྡ་སྦྱོར་སྦྱོར་བ་དང་བསྒྲགས་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པས་རྒན་རྒོན་མང་པོ་ཞིག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་ཅེས་བཤད།
བདེ་སྐྱིད་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གངས་མཚོས“སྡེ་ཁུལ་གྱིས‘དུས་བཞིར་བརྩེ་སེམས་མངོན’པའི་ཟླ་རེའི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། རྒན་རྒོན་གྱི་དགོས་མཁོ་སྣ་ཚོགས་ལ་དོ་ཁུར་དང་ཐག་གཅོད་ཟམ་མི་ཆད་པར་བྱས་ནས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཐོག ཁོང་ཚོའི་ཚེ་མཇུག་འཚོ་བར་བཀྲག་མདངས་འཚེར་བ་དང་སྤྲོ་སྣང་འཕེལ་བར་བྱས་ཡོད”ཅེས་བཤད།