ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱིས“སྡེ་ཁུལ་གྱི་མཉམ་ལས་པའི”ལས་དོན་སྒྲུབ་སྟངས་ཧུར་ཐག་བཏོད་པ།
ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱིས“སྲིད་འཛིན་གྱི་ཐེ་ཇུས་ཉུང་གཏོང”གི་སྒྱུར་བཀོད་བྱས་ཚུན། བྱེད་པོ་སྣ་མང་གིས་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། ཐོན་ཁུངས་སྣ་ཚོགས་སྤྱོད་པའི“སྡེ་ཁུལ་གྱི་མཉམ་ལས་པའི”རྣམ་པ་བརྒྱུད། རང་སོ་སོའི་ཁྱབ་ཁོངས་ནང་སྐད་གྲགས་ཡོད་པའི་དགེ་རྒན་མང་པོ་གདན་དྲངས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་ཐུན་མོང་ཐོག་བཀོད་སྒྲིག་བྱས་པས་སྡེ་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་ཕྱིན་པ་མ་ཟད། ཞབས་ཞུའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད་པ་རེད།
ཉེ་ཆར། གསང་ཡིབ་སྡེ་ཁུལ་གྱི་དགེ་ཕན་སློབ་ཁང་ནང“རང་རྒྱལ་གྱི་གནའ་བོའི་རིག་གནས་སློབ་ཚན་སྡེ་ཁུལ་དུ་ཁྲིད། སྲོལ་རྒྱུན་རིག་གནས་ཀྱིས་བྱིས་པའི་སེམས་ཀྱི་ཞིང་ས་བརླན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཞིག་སྤེལ་བ་རེད། གྲོགས་པོ་ཆུང་ཆུང་ཚོས་ལུས་ལ་རྒྱན་ཆ་སྤྲས་ཏེ་སྒྲོག་ཙེའི་མདུན་དུ་བསྡད་ནས་དགེ་རྒན་གྱིས་རང་རྒྱལ་གྱི་གནའ་བོའི་ཕུལ་བྱུང་རིག་གནས་སློབ་ཁྲིད་གནང་བར་ནན་ཏན་ངང་ཉན་ཞིང་། འགྲམ་དུ་ཡོད་པའི་ཁྱིམ་བདག་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྡེ་ཁུལ་གྱི་ཐབས་བཟང་དེར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
ཁྱིམ་བདག་ཀྲོའུ་ཧྲན་ཧྲན་གྱིས“སྡེ་ཁུལ་གྱིས་ཐེངས་འདིའི་བྱེད་སྒོ་སྤེལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཇུས་འགོད་ཞིབ་ཚགས་བྱས་པའི་རིག་གནས་སྒྱུ་རྩལ་གྱི་སློབ་ཚན་དེ་དག་བརྒྱུད་ཕྲུ་གུ་ཚོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་ཐུབ་པ་མ་ཟད། སྡེ་ཁུལ་གྱི་ཞི་མཐུན་དང་ཡར་ཐོན་ལ་དེ་བས་སྐུལ་འདེད་ཐུབ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་སྟེགས་ཤིག་ཏུ་གྱུར་ཡོད། སླད་ཕྱིན་སྡེ་ཁུལ་གྱིས་དེ་འདྲའི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་བཤད།
ལོ་6ཡན་གྱི་བྱིས་པར་དམིགས་ནས་སྡེ་ཁུལ་གྱིས་ཀང་ཆིན་དང་། ཡིག་གཟུགས། གུས་ལུགས་སོགས་ཀྱི་སློབ་ཚན་ཆེད་མངགས་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཕྲུ་གུའི་སྒྱུ་རྩལ་གྱི་བྱང་ཚད་དང་སྤྱི་ཚོགས་འབྲེལ་བའི་གུས་ལུགས་གསོ་སྐྱོང་བྱ་ཆེད་རེད། སློབ་ཚན་དེ་དག་ནི་རོལ་རྩེད་དང་བསྡེབས་ནས་ཁྲིད་པས། ཕྲུ་གུ་ཚོ་སྤྲོ་སྣང་ཁྲོད་དུ་འཚར་ལོངས་བྱུང་སྟེ། ཁོང་ཚོའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད།
སྡེ་ཁུལ་གྱི་འགན་འཁུར་བས། འབྱུང་འགྱུར་གྲོང་མིའི་དགོས་མཁོ་ཟམ་མི་ཆད་པར་སྔོག་འདོན་དང་སྤུས་ལེགས་ཐོན་ཁུངས་དེ་བས་མང་བ་ནང་འདྲེན་བྱས་ཏེ་གྲོང་མིར་དྲོ་སྐྱིད་དང་། ཞི་མཐུན། རིག་གནས་བཅས་ཀྱི་ཉམས་འགྱུར་ལྡན་པའི“གྲོང་ཁྱེར་གྱི་ཚོམས་ཆེན”ཞིག་གཏོད་ཀྱི་ཡིན་ཞེས་བཤད་པ་རེད།
“གོམ་སྟབས་རྗེས་མར་གསང་ཡིབ་སྡེ་ཁུལ་གྱིས‘སྡེ་ཁུལ་གྱི་མཉམ་ལས་པའི’འཁོར་སྐྱོད་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཆེད་ལས་མི་སྣ་ཚོར་ཆེད་ལས་ཀྱི་བྱ་བ་སྒྲུབ་ཏུ་འཇུག་པ་དང་། ཡུལ་མིར་ཞབས་འདེཌ་གནད་སྨིན་ཞུ་བ། ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེཌ་ཐུབ་པ་བཅས་བྱས་ནས། མཐར་གྲོང་མིའི་སྡེ་ཁུལ་གྱི་གཏོགས་སེམས་མངོན་འགྱུར་ཡོང་བ་དང་། མང་ཚོགས་ཚོ་སྒོ་ཁར་བདེ་སྐྱིད་ཡོང་བར་བྱེད་ཀྱི་ཡིན”ཞེས་གསང་ཡིབ་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་སྒྲོལ་མ་ལྷ་འཛིན་གྱིས་བཤད།