“གཞན་སྐུལ་སྦྱོང་བརྡར”ནས“རང་འགུལ་སྦྱོང་བརྡར”བར་གྱི་འགྱུར་ལྡོག
ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དགེ་འོས་ཞོར་གཏོགས་སློབ་ཆུང་གཉིས་པའི(གཤམ་དུ“ཞོར་གཏོགས་སློབ་ཆུང་གཉིས་པ”ཞེས་བསྡུ་རྒྱུ)ཚ་ཁ་རྒྱག་སར་སྐྱོད་སྐབས་ལུས་རྩལ་དགེ་རྒན་ཀྲང་ལེ་ཡིས་སློབ་མ་ཚོར་ཚ་ཁ་རྒྱག་སྟངས་ཀྱི་གནད་འགག་ལ་འགྲེལ་བཤད་རྒྱག་བཞིན་འདུག ལོ་རིམ་བཞི་པའི་སློབ་མ་ཞོན་ཀྲི་ཁྲའོ་ཡིས་སྐུལ་འོད་མེ་མདའ་བརྟན་པོར་བཟུང་ནས་ཚ་ཁ་རྒྱག་སྟངས་ལད་ཟློས་འདྲ་ཆགས་པོ་ཞིག་བྱས། ཞོན་ཀྲི་ཁྲའོ་ཡིས“ཚ་ཁ་རྒྱག་སྟངས་སྦྱངས་རྗེས་ངའི་བློ་རྩེ་གཅིག་ཏུ་གཏད་ཐུབ་པ་མ་ཟད། སེམས་པ་ཡང་སྔར་བས་ལྷོད་དུ་ཕྱིན་སོང”ཞེས་བཤད།
འདི་ལོའི་དཔྱིད་དུས་ཀྱི་སློབ་དུས་སུ། ཧོ་ཧྥེ་གྲོང་ཁྱེར་གྱིས་སློབ་གྲྭ་འབྲིང་ཆུང་ཁག་གཅིག་ཏུ་ཉིན་ལྟར་ལུས་རྩལ་སློབ་ཚན་ཐེངས་རེ་འཚོག་རྒྱུའི་ཚོད་ལྟ་བྱས་པ་དང་། སྟོན་དུས་ཀྱི་སློབ་དུས་ནས་བཟུང་གྲོང་ཁྱེར་དེ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཁྱབ་གདལ་བཏང་བ་རེད། བྱེད་སྟངས་འདིར་སློབ་མ་ཚོའི་དགའ་བསུ་དང་ཁྱིམ་བདག་གི་བསྔགས་བརྗོད་ཐོབ་ཅིང་། ལུས་རྩལ་ཐང་དུ་ཕྲུ་གུ་ཚོར་སྤོ་ལོ་རྒྱག་པའི་དུས་ཚོད་སྔར་ལས་མང་བ་བྱུང་བ་དང་། ལུས་རྩལ་ཁང་དུ་འཛིན་གྲྭ་མི་འདྲ་བའི་སློབ་མས་ཕིང་ཕང་སྤོ་ལོ་རྒྱག་པ་དང་། དྲག་རྩལ་སྦྱོང་བ། ཞབས་བྲོ་འཁྲབ་པ་བཅས་ལས་བདེ་ཐང་དང་སྤྲོ་སྣང་བྱུང་ཡོད།
དེ་སྔའི་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་གསུམ་དང་བཞི་བར་ནས་ད་ཆ་ཉིན་ལྟར་ལུས་རྩལ་སློབ་ཚན་རེ་ལ་འགྱུར་ལྡོག་བྱུང་བ་དེ་ནི་དུས་ཚོད་ལ་འགྱུར་ལྡོག་བྱུང་བ་ཁོ་ན་ཙམ་མ་ཡིན། སློབ་གྲྭ་མི་ཉུང་བ་ཞིག་གིས་ཁྱད་ལྡན་ལུས་རྩལ་རྣམ་གྲངས་ལག་ལེན་བསྟར་བས“སློབ་གྲྭ་རེར་སྤུས་རྟགས་རེ”ཆགས་ཡོད། ཞོར་གཏོགས་སློབ་ཆུང་གཉིས་པར་རྐང་རྩེད་སྤོ་ལོ་དང་། དྲག་རྩལ། ཚ་ཁ་སོགས་ཀྱི་རྣམ་གྲངས་སློབ་ཚན་གྱི་ཁོངས་སུ་བཅུག་པ་དང་འབྲེལ། གར་རྩེད་ཐག་མཆོང་དང་འཕུར་སྡེར་སོགས་གསར་དར་རྣམ་གྲངས་ཀྱང་མང་དུ་བཏང་བས་སློབ་ལོ་མི་འདྲ་བའི་སློབ་མར་གདམ་ག་དེ་བས་མང་བ་བྱུང་ཡོད་པ་རེད།
ཞོར་གཏོགས་སློབ་ཆུང་གཉིས་པའི་གདམ་ཚིག་ནང“སྦྱོང་བརྡར་ལ་དགའ”ཞེས་པ་དེ་ཨང་དང་པོར་བཞག་ཡོད་ཅིང་། ལུས་རྩལ་སློབ་ཚན་ནས་སློབ་གསེང་བར་དང་དེ་ནས་སློབ་ཚན་གྲོལ་རྗེས་ཀྱི་ལུས་རྩལ་བྱེད་སྒོ་བཅས་ཚང་མར་སློབ་མ་ཚོའི་ཞུགས་སེམས་ཧ་ཅང་ཆེ་རུ་སོང་ཡོད་པ་རེད། སློབ་གྲྭ་དེའི་སློབ་སྤྱི་སུན་ཁྲའོ་ལན་གྱིས་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ཨན་ཧུའེ་ཞིང་ཆེན་གྱི་ལེགས་སྐྱེས་འགྲན་བསྡུར་ནང་ཚ་ཁ་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐེངས་བཞི་རག་ཡོད་ཅེས་བཤད།
ཧོ་ཧྥེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དེ་བས་མང་བ་ཞིག་འཚོལ་ཞིབ་དང་གསར་གཏོད་ཀྱི་གྲལ་དུ་ཞུགས་ཡོད་པ་རེད། པའོ་ཧོ་ཆུས་སུ་སློབ་གྲྭ་མི་ཉུང་བ་ཞིག་གིས་རིག་ནུས་ལུས་སྦྱོང་ཡོ་བྱད་ནང་འདྲེན་བྱས་ཤིང་། སློབ་མ་ཚོས་བརྙན་ཤེལ་ནང་གི“གྲངས་འཛིན་གྱི་མི”དང་མཉམ་དུ་ལུས་པོ་འགུལ་ན་ཕན་འབྲས་ཀྱི་གྲངས་གཞིའི་ཞིབ་དཔྱད་སྙན་ཞུ་ཞིབ་ཕྲ་ཞིག་དོན་གྱི་ཡོད།
གྲོང་ཁུལ་རྙིང་པའི་ནང་སློབ་གྲྭ་བཙུགས་པ་སྔ་ཡང་ས་རྒྱ་ཆུང་བའི་སློབ་གྲྭའི་ངོས་ནས་བརྗོད་ན། ལུས་རྩལ་བྱེད་སྒོའི་བར་མཐོངས་ཆེ་རུ་གཏོང་རྒྱུ་ནི་འགག་རྩ་རེད། 2012ལོ་ནས་བཟུང་ཧོ་ཧྥེ་གྲོང་ཁྱེར་ལིའུ་ཨན་ལམ་སློབ་ཆུང་གི་ཧྥུའུ་ནན་ལམ་སློབ་ཁུལ་གྱིས་ཉེ་འགྲམ་གྱི་ཧོ་ཧྥེ་གྲོང་ཁྱེར་གྱི་ལུས་རྩལ་ར་བ་རྙིང་པ་དང་མཉམ་ལས་གྲོས་མཐུན་བཞག་ཅིང་། ལུས་རྩལ་ར་བའི་ནང་གི་བྱ་སྒྲོའི་སྤོ་ལོ་ཁང་དང་། ཆུ་རྐྱལ་ཁང་། མཆོང་རྒྱུག་འཕེན་གསུམ་ཁང་སོགས་དགེ་སློབ་ཚོར་སྤྱོད་དུ་བཅུག་པས། “གང་དུ་སྦྱོང་བརྡར་བྱེད་པར་འགྲོ་རྒྱུའི”དཀའ་གནད་བསལ་བ་རེད།
ཧོ་ཧྥེ་གྲོང་ཁྱེར་གྱི་སློབ་འབྲིང་ཞེ་ལྔ་པའི་ཐུང་ཁྲེང་ལམ་གྱི་སློབ་ཁུལ་དུ་བསྐྱོད་པ་ན། ཁང་པ་རྙིང་པ་བཤིག་ནས་བསྐྱར་སྐྲུན་བྱས་པའི་ལན་ཆིའུ་སྤོ་ལོ་ཁང་དུ་འགྲན་བསྡུར་བྱེད་བཞིན་འདུག དེ་ལྟར་བྱེད་སྒོ་སྤེལ་ཡུལ་དང་ལུས་རྩལ་སློབ་ཚན་ཁྲིད་པར་འགན་ལེན་ཡོད་པའི་དབང་གིས་སློབ་མ་ཚོའི“གཞན་སྐུལ་སྦྱོང་བརྡར”ནས“རང་འགུལ་སྦྱོང་བརྡར”བར་འགྱུར་ལྡོག་བྱུང་ཡོད། “ཕྲུ་གུ་ཚོའི་གཟུགས་པོ་ཐང་དུ་སོང་བའི་ཁར་ཚོགས་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། ཕྲུ་གུ་ཚང་མ་ལུས་རྩལ་དང་ཁ་མི་འབྲལ་བར་ཤོག”ཅེས་ལོ་རིམ་བརྒྱད་པའི་སློབ་མའི་ཁྱིམ་བདག་ཀྲང་ཡུན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།