ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེང་ཆང་ལ་གློག་འཕྲིན་བཏང་ནས་ཁོང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ངས་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་པར་བསྐྱོད་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱས་ཡོད། ད་ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་བ་དང་ངས་ཁོང་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། མི་རིང་བའི་གོང་། ཁྱེད་རང་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་སྐབས། ངེད་གཉིས་ཀྱིས་ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྤེལ་རེས་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་སྟངས་འཛིན་དང་། དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་ཡང་དག་པའི་ཤུལ་ལམ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་རྒྱུའི་མོས་མཐུན་བྱས་ཡོད། ཕྱོགས་གཉིས་པོས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་གྱི་ཐུན་མོང་ངོས་འཛིན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཝེ་ཐེ་ནམ་ཕྱོགས་ཝེ་ཐེ་ནམ་གྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཝེ་ཐེ་ནམ་ཕྱོགས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པར་གྲ་སྒྲིག་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།