རང་སྐྱོང་ལྗོངས་ཀྱི་2024ལོའི་པར་སྐྲུན་ཡིག་རིགས་ཀྱི་སྤུས་ཚད་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་པ།
ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་2024ལོའི་པར་སྐྲུན་ཡིག་རིགས་ཀྱི་སྤུས་ཚད་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་ལྗོངས་ཀྱི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྲིད་འཛིན་ལྟ་འདོམས་སྡེ་ཚན་དང་། དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་ཀྱི་དཔེ་སྐྲུན་ཚན་པ། པར་འདེབས་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་དང་སྤུས་བཤེར་ལས་དོན་པ་བསྡོམས་60ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་དཔེ་དེབ་ཀྱི“སྤུས་ཚད་དོ་དམ”གྱི་ལོ་འཁོར་གྱི་ཆེད་དོན་ལས་དོན་སྤེལ་ཚུལ་དང་། 2024ལོའི་པར་འདེབས་དང་བསྐྱར་དཔར་གྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་བྱེད་སྒོ ཚགས་པར་དང་། དུས་དེབ། དེ་བཞིན་དེ་དག་གིས་གཉེར་བའི་སྨྱན་སྦྱོར་གསར་པའི་སྤུས་ཚད་ཀྱི་ཆེད་དོན་ཞིབ་བཤེར། སློབ་གྲྭ་འབྲིང་ཆུང་གི་སྟོན་དུས་བསླབ་གཞིའི་ཟུར་ཁྲིད་སློབ་དེབ་པར་འདེབས་དང་བསྐྱར་དཔར་གྱི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཡོད། རང་ལྗོངས་ཀྱི་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་དཔེ་སྐྲུན་ཚན་པ་དང་པར་འདེབས་ཁེ་ལས་ཀྱི་འགན་འཁུར་བས། ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་ཐོན་པའི་སྤུས་ཚད་ཀྱི་གནད་དོན་དང་དག་ཐེར་བྱེད་ཐབས་སྐོར་ལ་སྤེལ་རེས་གཏམ་བཤད་བྱས་པ་དང་། གསར་འགྱུར་དཔེ་སྐྲུན་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དཔེ་སྐྲུན་དང་པར་འདེབས་ཚན་པའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ལས་དོན་པས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། སྤུས་ཚད་ཀྱི་གནད་དོན་ལ་མཐོང་ཆེན། འགན་འཁྲི་འཁུར་ཤུགས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཏན་ཏིག་ཁུར་ནས། དཔེ་སྐྲུན་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དཔེ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། དཔེ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།