རིག་གནས་བདུད་རྩིས་སེམས་ཀྱི་ཞིང་ས་བརླན། མེ་ཟོན་རུ་མིའི་སྙིང་སྟོབས་རབ་ཏུ་འཕེལ།
—— བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རུ་མི་གསར་པའི་སྦྱོང་བརྡར་རུ་ཆེན་དུ་ཡིག་གཟུགས་སྤྱི་ཕན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། མེ་ཟོན་དཔུང་ཁག་གི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱ་ཆེའི་མེ་ཟོན་རོགས་སྐྱོབ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་གདན་ཞུས་ལྟར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རུ་མི་གསར་པའི་སྦྱོང་བརྡར་རུ་ཆེན་དུ་བསྐྱོད་ནས“རིག་གནས་ཀྱིས་ལྷག་བསམ་གྱི་ཞིང་ས་བརླན”ཞེས་པའི་ཡིག་གཟུགས་ཀྱི་སྤྱི་ཕན་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དཔེ་ཀློག་གི་རྣམ་པས་ཁེངས་ཤིང་། མེ་ཟོན་རུ་མི་གསར་པ་ཚོས་ལི་པིན་གྱི་མཐའ་བསྐོར་ནས་རེ་སྒུག་ཆེན་པོས“རྒན་ལགས། ང་ལ‘གླིང་སྣེའི་ས་ཁུལ་བརྟན་སྲུང་བྱེད’ཅེས་པའི་ཕྱག་བྲིས་ཤིག་བྲིས་ན་འགྲིག་གམ”ཞེས་རང་ཉིད་ཀྱི་རེ་བ་བཏོན། ལི་པིན་གྱིས་ཀྱང་འཐབ་འཛིང་པ་ཚོའི་བློ་འདོད་ལྟར་དོན་སྙིང་གཏིང་ཟབ་ལྡན་པའི་ཡིག་གཟུགས་བྲིས། “གྲི་རིར་འཛེགས་ནུས”དང“མེ་མཚོར་མཆོང་ཕོད”ཅེས་པའི་དོན་སྙིང་གཏིང་ཟབ་ལྡན་པའི་ཐ་སྙད་དེ་དག་གིས་མེ་ཟོན་རུ་མི་གསར་པ་ཚོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་ཡོད་ལ། འབྱུང་འགྱུར་ལས་རིགས་དང་འཚོ་བའི་ཁྲོད་ཁོང་ཚོར་དཀའ་ངལ་དང་ཉེན་ཁ་འཕྲད་སྐབས་འགྱུར་མེད་ཀྱི་དད་སེམས་ལ་སྐུལ་ལྕག་ཀྱང་གཏོང་ཐུབ། “སྙིང་སྟོབས་རབ་འཕེལ”དང“ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ”ཞེས་པ་ལས་མེ་ཟོན་རུ་མི་ཚོས་རྒྱལ་ཁབ་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་དགའ་ཞེན་མཚོན་པ་མ་ཟད། ཁོང་ཚོའི་འགྱུར་མེད་དམ་བཅའ་དང་འགན་འཁྲི་ཁུར་ཕོད་པའི་བླ་ན་མེད་པའི་གཤིས་རྒྱུད་ཀྱང་གང་ལེགས་མཚོན་ཡོད།
ཡིག་གཟུགས་བརྩམས་ཆོས་རག་པའི་མེ་ཟོན་རུ་མི་གསར་པ་ཝང་ཝུན་ཀྲེས“ད་ཐེངས་ཀྱི་བྱེད་སྒོས་ང་ཚོའི་སྦྱོང་བརྡར་གྱི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། སླད་ཕྱིན་འཚོ་བའི་ཁྲོད་ཡིག་གཟུགས་བརྩམས་ཆོས་དེ་དག་གིས་ང་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་དེ་བས་ལྕག་སྐུལ་ཐུབ་ངེས་ཡིན། སླད་ཕྱིན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
ཡིག་གཟུགས་རེ་བྲིས་ཟིན་མ་ཐག་ལི་པིན་གྱིས་ངང་རྒྱུད་རིང་པོས་དེའི་རིག་གནས་ཀྱི་ནང་དོན་དང་ཡིག་གཟུགས་འབྲི་རྩལ་གསལ་འགྲེལ་བྱས་ནས། མེ་ཟོན་རུ་མི་གསར་པ་ཚོས་ཡིག་གཟུགས་བརྩམས་ཆོས་མྱོང་རོལ་ཐུབ་པར་བྱེད་པ་དང་ཆབས་ཅིག རིག་གནས་ཀྱི་ཞུན་བརྡར་དང་བསམ་པའི་འཚོ་བཅུད་ཟབ་མོ་ལེན་ཐུབ་པར་བྱས་ཡོད། ཆུ་ཚོད་གཉིས་རིང་ལི་པིན་གྱིས་རུ་མི་གསར་པའི་སྦྱོང་བརྡར་རུ་ཆེན་གྱི་རུ་མི་ཚོར་ཡིག་གཟུགས་བརྩམས་ཆོས་80ཙམ་བྲིས་ཡོད།
བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྦྱོང་བརྡར་རུ་ཆེན་གྱི་རུ་དཔོན་རྒན་པ་ཐན་ཙུའུ་ཆང་གིས། ད་ཐེངས་ཀྱི་ཡིག་གཟུགས་སྤྱི་ཕན་གྱི་འཚམས་འདྲིའི་བྱེད་སྒོ་ལས་མེ་ཟོན་རུ་མི་གསར་པ་ཚོས་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཚོར་བ་མ་ཟད། ཁོང་ཚོའི་ལས་རིགས་ཀྱི་གཟི་བརྗིད་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཡང་ཆེ་རུ་ཕྱིན་ནས་མེ་ཟོན་བཀོད་འཐབ་པ་ཚོས་རང་ལྗོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་བྱ་གཞག་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།