དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་འབུ་སྲིན་ཞིབ་འཇུག་ལས་ལ་ལོ་30ཙམ་གཞོལ་ཏེ།

    རི་ཀླུང་གང་སར་ཉུལ་ནས་རང་བྱུང་གི་མཛེས་པ་ཉམས་སུ་མྱངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-10-23

    “འབུ་སྲིན་ཐམས་ཅད་རང་རང་གི་འཚོ་ཐབས་ཐུན་མིན་ལ་བརྟེན་ནས་ཚེ་སྲོག་གི་རྒྱུན་བསྐྱངས་དང་སྐྱོང་བཞིན་པའི་གནས་སྟངས་ལས་ང་ཚོར་ཚེ་སྲོག་གི་སྣ་མང་རང་བཞིན་དང་རང་བྱུང་ཁམས་ཀྱི་ངོ་མཚར་མཛེས་སྡུག་ཅིག་སྔར་བས་ཤེས་སུ་བཅུག་ཡོད”ཅེས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་འབུ་སྲིན་ཐོན་ཁུངས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་གཞོན་པ་ཟླ་བས་བཤད་པ་དང་། ཁོང་འབུ་སྲིན་ཞིབ་འཇུག་ལས་ལ་གཞོལ་ནས་བགྲང་བྱ་30ཙམ་སོང་བ་དང་། ཁོང་ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་མྱོང་ཡོད།

    དགའ་ཞེན། འབུ་སྲིན་གྱི་འཇིག་རྟེན་ལས་ངོ་མཚར་གྱི་བསམ་པ་རྙེད་པ།

    “ང་ཐོག་མར་ཉིང་ཁྲི་ཞིང་འབྲོག་ཅུས་སུ་ལས་ཀ་བྱས་པ་ཡིན། 1995ལོར་ང་ཚོ་སྤོ་མེས་རྫོང་ལ་གཞུང་དོན་སྒྲུབ་པར་སོང་བ་དང་། དེ་དུས་ཆར་ཞོད་འཁེལ་ནས་ང་ཚོ་ཐོག་སྨད་གྲོང་ཚོར་ལུས་བྱུང”ཞེས་ཟླ་བས་ཐོག་མར་འབུ་སྲིན་གྱི་འཇིག་རྟེན་དུ་སྐྱོད་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱས་ནས་བཤད་པ་དང་། ཁོང་གིས། དེ་དུས་ཚོགས་པའི་ནང་འབུ་སྲིན་གྱི་འཚོ་གནས་སྐོར་ཤེས་མཁན་ལས་རོགས་ཡོད་པས། ཕྱིར་འགྲོ་མ་ཐུབ་པའི་ཟླ་བ་གཅིག་ལྷག་ཙམ་རིང་། རང་ཉིད་ཀྱིས་ལས་རོགས་དེ་དང་མཉམ་དུ་ཕྱེ་མ་ལེབ་ལ་ལྟ་ཞིབ་བྱས་ནས་བསྡད་པ་ཡིན། “དེ་ནས་བཟུང་། ང་ཕྱེ་མ་ལེབ་ལ་དགའ་ཞེན་ལྷག་པར་སྐྱེས་བྱུང”ཞེས་བཤད།

    ཉིང་ཁྲིར་ལས་ཀ་ལོ་གསུམ་བྱས་པའི་རྗེས། འབུ་སྲིན་ཞིབ་འཇུག་ལ་དགའ་ཞེན་ཆེ་བའི་ཟླ་བས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ལ་ལས་ཀ་བསྒྱུར་རྒྱུའི་རེ་འདུན་ཞུས་ཤིང་། ཟླ་བས་རྨང་གཞིའི་འབུ་སྲིན་གྱི་རིགས་དབྱེ་བ་དང་། སྐྱེ་ཁམས་ཀྱི་གནས་སྟངས་ནས་རྙོག་འཛིང་ཆེ་བའི་གཟུགས་ཁམས་ཀྱི་གནས་སྟངས་དང་འགུལ་སྐྱོད་ཀྱི་ཁྱད་ཆོས་བཅས་བར་ཡུན་རིང་པོར་སློབ་སྦྱོང་དང་ལག་ལེན་དུ་བསྟར་སྟངས་བསྟར་ལུགས་སྦྱོང་བའི་འགོ་བརྩམས།

    ནགས་གསེབ་དང་ནེའུ་གསིང་དུ་ཕར་རྒྱུག་ཚུར་རྒྱུག་གིས་འབུ་སྲིན་སྣ་ཚོགས་ཀྱི་རྗེས་ཤུལ་འཚོལ་བ་དང་། ཚོད་ལྟ་ཁང་དུ་འཛུལ་ནས་འབུ་སྲིན་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས་སྡོད་པ། དཔྱད་གཞི་འབོར་ཆེན་བལྟས་ཏེ་སྔོན་མའི་མིས་ཞིབ་འཇུག་བྱས་པ་ལས་ཉམས་མྱོང་ལེན་པ་སོགས་བགྲང་བྱ་30ལྷག་ཙམ་རིང་། སྟབས་བདེའི་ལྟ་ཞིབ་ནས་ཕྲ་རྡུལ་སྐྱེ་དངོས་རིག་པ་དང་སྐྱེ་ཁམས་རིག་པ་སོགས་རིག་ཚན་མང་པོ་ཕན་ཚུན་བསྣོལ་ནས་མཉམ་དུ་ཞིབ་འཇུག་བྱས་ཏེ། ཟླ་བའི་སེམས་ནུས་ཡོད་དོ་ཅོག་འབུ་སྲིན་ཞིབ་འཇུག་བྱ་གཞག་ལ་བཞག “འགྲན་སློང་མང་པོ་ཞིག་འཕྲད་བཞིན་ཡོད་ལ་ངས་ཀྱང་འབད་བརྩོན་ལྷག་པར་བྱེད་དགོས་ཀྱི་འདུག”ཅེས་ཟླ་བས་བཤད།

    རྒྱུན་འཁྱོངས། བོད་ཀྱི་ས་ཆ་ཁུག་ཁུག་གསེང་གསེང་གང་སར་སླེབས་པ།

    ཟླ་བས་བོད་འདི་ས་རྒྱ་ཆེ་ཞིང་དངོས་རིགས་སྣ་ཁ་ཕུན་སུམ་ཚོགས་པའི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་འབུ་སྲིན་ཐོན་ཁུངས་ཞིབ་འཇུག་ཁང་གི་ཚན་ཞིབ་པའི་སྣེ་ཁྲིད་དེ་འབུ་སྲིན་རིགས་གཅིག་མཁས་ཅན་མང་པོ་དང་མཉམ་དུ་2016ལོ་ནས་བཟུང་ལོ་ལྟར་ཕྱིར་ཚན་རིག་ཞིབ་འཇུག་ཉིན་140ལྷག་ཙམ་བྱེད་ཀྱི་ཡོད།

    ཕྱིར་ཚན་རིག་ཞིབ་འཇུག་ལས་དོན་ཏན་ཏིག་བསྒྲུབས་པ་བརྒྱུད་ཟླ་བའི་ཚོགས་པར་ཚན་རིག་ཞིབ་འཇུག་གི་གྲངས་གཞི་ཨང་དང་པོ་དང་ཞིབ་འཇུག་གི་དཔྱད་གཞི་ཨང་དང་པོ་འབོར་ཆེན་རག་ནས་གསར་གཏོད་ལྡན་པའི་ལས་དོན་མང་པོ་ལེགས་སྒྲུབ་བྱས་པ་དཔེར་ན། བོད་ནས་ཕྱེ་མ་ལེབ་རིགས་300ཙམ་ཤེས་རྟོགས་ཐུབ་ནས་ཟིན་ཐོ་ཐོག་མར་བཀོད་དེ་བོད་དུ་ཕྱེ་མ་ལེབ་རིགས་མི་འདྲའི་ཁྱབ་ཚུལ་གྱི་མིང་གཞུང་ཕྱོགས་ཡོངས་དང་ཆ་ཚང་པོའི་ངང་ལེགས་སྒྲིག་ཐོག་མར་བྱས་པ་ལྟ་བུ་རེད།

    2019ལོར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་རིང་། ཟླ་བ་ལྷ་ས་དང་། ནག་ཆུ། ཉིང་ཁྲི། གཞིས་རྩེ་སོགས་ས་ཁུལ་གྱི་ས་མ་འབྲོག་ཁུལ་དང་། ཞིང་མ་རོང་ཁུལ། ཞིང་ཁུལ། འབྲོག་ཁུལ་བཅས་ཀྱི་མཐིལ་དུ་བསྐྱོད་དེ་མ་དཔེ་འཚོལ་བསྡུ་དང་སྐྱེ་དངོས་རིག་པ་དང་། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཆ་འཕྲིན་བསྡུ་བའི་ལས་དོན་སྤེལ་ཞིང་། ཚོགས་པས་མེ་ཏོག་ཟེའུ་འབྲུ་འཐུ་བའི་ཕྱེ་མ་ལེབ་ཀྱིས་མཚོ་བོད་ས་མཐོའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་བརྟག་དཔྱད་བྱས་ཏེ་སྤྱོད་འཐུས་ཀྱི་གྲོས་འགོ་དང་བྱ་ཐབས་བཏོན་ནས་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་འཕོ་འགྱུར་ལ་ཞིབ་འཇུག་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    སྲུང་སྐྱོང་། ས་མཐོའི་སྐྱེ་ཁམས་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ།

    འབུ་སྲིན་ཐོན་ཁུངས་ཞིབ་འཇུག་ཁང་དུ་གཤོག་པ་དཀར་ཁྲ་ཅན་ལ་ཐིག་ལེ་སེར་པོ་ཡོད་པའི་ཕྱེ་མ་ལེབ་ཐལ་སྐྱ་ཞིག་གི་མ་དཔེ་བཞག་ཡོད། ཕྱེ་མ་ལེབ་འདི་རིགས་ནི་ཟླ་བའི་ཚོགས་པས་བོད་ནས་ཤེས་རྟོགས་བྱུང་བའི་ཕྱེ་མ་ལེབ་རིགས་300ཙམ་ཁྲོད་ཀྱི་གྲས་ཤིག་རེད།

    ཟླ་བའི་ཚོགས་པའི་ཞིབ་འཇུག་གི་ཁ་ཕྱོགས་ནི་ས་མཐོའི་ཕྱེ་མ་ལེབ་རིགས་ཀྱི་སྐྱེ་ཁམས་རིག་པ་ཡིན། 2017ལོར་ཟླ་བས་སྣེ་ཁྲིད་པའི་ཚོགས་པས《བོད་ཀྱི་ཕྱེ་མ་ལེབ་ཀྱི་མིང་གཞུང》རྩོམ་འབྲི་བྱས་པ་དང་། དེའི་ནང་བོད་དུ་ཁྱབ་པའི་ཕྱེ་མ་ལེབ་རིགས་600ལྷག་ཙམ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་རིགས་མི་འདྲ་བའི་ཕྱེ་མ་ལེབ་དེ་དག་གི་གཟུགས་དབྱིབས་ཁྱད་ཆོས་དང་། འཚོ་སའི་རྩི་ཤིང་། གཞི་རྩའི་ཁྱབ་ཚུལ་ས་ཆ་སོགས་ཀྱི་ཆ་འཕྲིན་ཐོ་རུ་བཀོད་ཡོད།

    ཟླ་བས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད་ཅེས་བཤད། བགྲང་བྱ་30ཙམ་ཞིབ་འཇུག་ལས་ལ་གཞོལ་ཏེ་ལང་ཚོ་དར་ལ་བབས་པ་ནས་རྒན་སྐྲ་དཀར་བར་ཟླ་བས་ཞིབ་འཇུག་རྩེ་གཅིག་ཏུ་བྱས་ཏེ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མྱོང་མེད། ཁོང་གིས“ངས་རྣམ་པར་བཀྲ་བའི་འབུ་སྲིན་འཇིག་རྟེན་ལ་མུ་མཐུད་ཞིབ་འཇུག་གིས་ངོ་མཚར་ཆེ་བའི་འབུ་སྲིན་དེ་དག་སྲུང་བའི་ལས་ལ་གཞོལ་རྒྱུ་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།