ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ།
བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་ལྟ་ཞིབ་བྱས་པ།
◆ 2015ལོར“བོད་གློག་ཕྱིར་གཏོང”མངོན་འགྱུར་བྱུང་ཚུན། བོད་ཀྱི་ནུས་རྒྱུ་གཙང་མ་ཧྭ་ཏུང་དང་། ཧྭ་ཀྲུང་། ཧྭ་པེ། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཕྱིར་གཏོང་བྱས་ཡོད། འདི་ལོའི་ཟླ་8ཚེས་30ཉིན་བར་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་རིམ་རྩིས་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་146ཟིན་ནས་གློག་གཏོང་ཡུལ་ཞིང་ཆེན་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་448ཙམ་སྤྱོད་ཉུང་དུ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1117ཙམ་དང་དབྱང་གཉིས་མུ་ཟི་འགྱུར་རྫས་ཏུན་ཁྲི་34ཙམ་ཕྱིར་འབུད་བྱེད་ཚད་ཉུང་དུ་འགྲོ་བར་རམ་འདེགས་ཐུབ་ཡོད།
སྟོན་དུས་ཀྱི་ས་མཐོར་ནམ་མཁའ་གཡའ་དག་ཅིང་སྟོན་རླུང་བསིལ་བསིལ་ལྡང་། སྟོན་དུས་འོད་ཤུགས་ཤེལ་ལེབ་ཀྱི་ནུས་པ་ཐོན་པའི་གོ་སྐབས་བཟང་ཤོས་རེད། ས་བབ་མཐོ་ཚད་སྨི་4800ཡོད་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་ཧོར་སྡེ་གྲོང་ཚོའི་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པའི་འོད་ཤུགས་ཤེལ་ལེབ་དག་བརྗིད་ཉམས་རབ་ཏུ་དོད། རྣམ་གྲངས་དེ་ཟླ་དགུ་པའི་ཟླ་མཇུག་ཏུ་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་འགོ་ཚུགས་པ་དང་ཆབས་ཅིག“ལྗང་མདོག་གློག”ཀྱང་གཏོང་འགོ་ཚུགས་པ་རེད།
དེ་ནི་ལྷ་སའི་སྙེ་མོའི་ཧོར་སྡེའི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་10ཟིན་པའི་ཕྱུགས་འོད་གསབ་རེས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཤིག་ཡིན་པ་དང་། ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་དགུ་པའི་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། དེར་ས་བབ་མཐོ་ལ་གཞི་ཁྱོན་ཆེ་བའི་གློག་རྫས་འགྱུར་གྱི་ནུས་གསོག་མ་ལག་ཡོད་པ་དང་ཁྱོན་རུ་སྟར་གྲུ་བཞི་28དང་ཚན་པ་7259སྒྲིག་སྦྱོར་བྱས་པར། ལོ་རེའི་ཆ་སྙོམས་ནུས་མཚུངས་ཐེག་ཚད་ཆུ་ཚོད་1856ཟིན་ནས་ས་གནས་དེ་གའི་གྲོང་མིའི་གློག་སྤྱོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་ཐུབ་རྒྱུ་རེད།
ཉི་ནུས་ནི་བོད་ཀྱི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་མཚོན་བྱེད་ཅིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི”འཕེལ་རྒྱས་ངེས་གནས་ལ་དམ་པོར་དམིགས་ཏེ་ཆུ་གློག་དང་། འོད་ཤུགས། རླུང་གློག་བཅས་ཀྱི་རྣམ་གྲངས་འབོར་ཆེན་གཅིག་རྗེས་གཉིས་མཐུད་བསྐྲུན་པས། ཆུ་གློག་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གསར་པ་ཞིག་ཆགས་ཡོད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་གློག་དྲའི་རིམ་སྤོར་མཆོང་སྐྱོད་ཀྱིས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མ་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། མིག་སྔར་རང་སྐྱོང་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བསྡུར་གྲངས་ཀྱི་99%ལྷག་ཙམ་བཟུང་སྟེ་སྤྱིར་ན་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་འདོན་ཐུབ་ནས། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད།
ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མས་ཞིང་ཆེན་གཞན་ལ་རིམ་བཞིན་ཕན་པ་ཐོབ་བཞིན་ཡོད་ཅིང་། 2015ལོར“བོད་གློག་ཕྱིར་གཏོང”མངོན་འགྱུར་བྱུང་ཚུན། བོད་ཀྱི་ནུས་རྒྱུ་གཙང་མ་ཧྭ་ཏུང་དང་། ཧྭ་ཀྲུང་། ཧྭ་པེ། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཕྱིར་གཏོང་བྱས་ཡོད། འདི་ལོའི་ཟླ་8ཚེས་30ཉིན་བར་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་རིམ་རྩིས་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་146ཟིན་ནས་གློག་གཏོང་ཡུལ་ཞིང་ཆེན་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་448ཙམ་སྤྱོད་ཉུང་དུ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1117ཙམ་དང་དབྱང་གཉིས་མུ་ཟི་འགྱུར་རྫས་ཏུན་ཁྲི་34ཙམ་ཕྱིར་འབུད་བྱེད་ཚད་ཉུང་དུ་འགྲོ་བར་རམ་འདེགས་ཐུབ་ཡོད།
བོད་ཀྱིས་ཆུ་དང་། རླུང་། འོད་སོགས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་པ་ཕུད། ད་དུང་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་མུ་མཐུད་སྟོབས་ཆེར་བཏང་བ་དང་ཆབས་ཅིག་ས་མཐོའི་ཡང་བའི་བཟོ་ལས་སོགས་གསར་དར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་མཚོན་ན། བོད་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་ཁྲོམ་ར་གསར་འབྱེད་བྱེད་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། འབྲི་གཡག་བཤས་གཏོང་བའི་དུས་འཁོར་དེ་སྔའི་ལོ་8ནས་12བར་ནས་ལོ་3ནས་4བར་ཐུང་དུ་ཕྱིན་པ་དང་འབྲི་གཡག་གི་རུས་པས་བཟོས་པའི་རུས་ཆས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད། རང་བརྟེན་ཞིབ་འཇུག་གསར་གཏོད་བྱས་པའི་ནས་ཀྱི་སོན་བཟང་རིམ་བཞིན་མང་དུ་ཕྱིན་པ་དང་ནས་ལས་སྣོན་བྱས་པ་ལས་ཐོན་པའི་ནས་ཆང་དང་། ཏན་ཞིམ། ཐུག་པ་སྐམ་པོ། ཟས་ཚབ་ཕྱེ་མ་སོགས་ཐོན་རྫས་རབ་དང་རིམ་པ་རྒྱལ་ནང་གི་ཞིང་ཆེན་གཞན་དུ་ཕྱིར་ཚོང་བྱེད་པ་མ་ཟད། ད་དུང་ནེ་པ་ལ་དང་ཁ་ན་ཏ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།
བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ད་ལྟའང་ཁུལ་ལྡན་ར་དཀར་པོ་གསོ་ཚགས་བྱེད་པའི་སྲོལ་རྒྱུན་མ་ཉམས་པར་ཡོད་ཅིང་། དེ་ལས་ཐོན་པའི་ཁུ་ལུ་ཕྲ་ཤོས་ལ་ཝེ་སྨི་10ཟིན་གྱི་ཡོད་པ་དེ་ནི་ཁུ་ལུའི་ཐོན་རྫས་རྩེ་གྲ་ཞིག་རེད། དུས་ཡུན་རིང་པོའི་ནང་སིལ་ཚོང་རྒྱག་པ་དང་མང་ཚོགས་ཀྱི་ཁྲོམ་རའི་འདུ་ཤེས་ཟབ་པོ་མེད་པ་སོགས་ཀྱི་རྐྱེན་པས་དེ་གའི་ཁུ་ལུར་གོང་ཚད་ཡག་པོ་མ་རག་པས་འབྲོག་པའི་ཡོང་འབབ་འཕར་མགྱོགས་པོ་མེད།
རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད། ས་གནས་དེ་གས་ཧོ་པེའི་བོད་སྐྱོར་ཚོགས་པའི་རོགས་སྐྱོར་འོག་ཁུ་ལུ་ཐོན་ཚད་དང་ཁུ་ལུའི་ཕྲ་ཚད་སོགས་ཀྱི་སྟོན་གྲངས་ལ་གཞིགས་ཏེ། སྤུས་ལེགས་ཀྱི་ཁུ་ལུ་དཀར་པོའི་ར་རྒྱུད་སྤེལ་དང་རྒྱུད་པ་ཉར་ནས་ཁུ་ལུ་དཀར་པོའི་རའི་ཁྱུ་ཚོགས་རྒྱུན་ཆད་མེད་པར་མང་དུ་བཏང་བས། ཁུ་ལུ་དཀར་པོའི་རའི་སྤྱི་ཡོངས་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད། 2023ལོར་རུ་ཐོག་རྫོང་དུ་སྤེལ་བའི་ཧབ་ཚོང་བྱེད་སྒོའི་ཁྲོད་ཁུ་ལུ་ཕྲ་བའི་རིན་གོང་མཐོ་ཤོས་སྤྱི་རྒྱ་གཅིག་ལ་སྒོར་1355ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁུ་ལུའི་ཐོན་རྫས་ཁོ་ན་ལས་ས་གནས་དེ་གའི་འབྲོག་པ་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་ཁྲི་ཁ་ཤས་བྱུང་ཡོད།
བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ནུས་ལྡན་ངང་བསྒྱུར་བ་དང་ཆབས་ཅིག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ། ས་ཁུལ་མང་པོ་ཞིག་གིས་ཡུལ་བབ་དང་བསྟུན་ནས“ཞིང་ལས་དང་གྲོང་གསེབ་ཡུལ་སྐོར”དང་། “ཡུལ་སྐོར་དང་ལུས་རྩལ” “ཡུལ་སྐོར་དང་མི་རིགས་ལག་ཤེས་བཟོ་ལས”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་དང་དྲ་ཐོག་ཚོང་དོན་དང་། རིག་གནས་ཡུལ་སྐོར། ཞིང་འབྲོག་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཚོད་ལྟ་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཉན་ཏུང་གིས་བོད་ཀྱིས་སླད་ཕྱིན་མ་དངུལ་གཏོང་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་དང་། གློག ལམ། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱེད་པ། ས་ཁོངས་ཀྱི་ལེགས་ཆ་མངོན་པ། རྗེས་ཐོན་ལེགས་ཆ་ཡག་པོ་སྤྱོད་པ། དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཐུབ་པ་བཅས་བྱས་ཏེ། ལེགས་ཆ་ཁག་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།