དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཚོ་སྣ་གྲོང་ཁྱེར་མག་མག་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཐུབ་བསྟན་ཚེ་རིང་གིས་བརྗོད་དོན།

    མི་རིགས་མཐུན་སྒྲིལ་ནི་གཏམ་སྤྱོད་རེ་རེ་ལས་མངོན་གྱི་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-23

    ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་མག་མག་མོན་པ་མི་རིགས་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ལེགས་པོ་རོང་དུ་གནས་པ་དང་མོན་པ་རིགས་འདུས་སྡོད་བྱ་ཡུལ་གྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག དེ་གར་འཚོ་བ་སྐྱེལ་མཁན་མོན་པ་རིགས་དང་། བོད་རིགས། རྒྱ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་བཞིན་ཡོད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སྒེར་ཡིན་པ་དང་། མག་མག་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཐུབ་བསྟན་ཚེ་རིང་ནི་ཁོང་ཚོའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད། 

    མོན་པ་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཐུབ་བསྟན་ཚེ་རིང་གིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། ཁོང་གི་ངོས་ནས་བརྗོད་ན། མི་རིགས་མཐུན་སྒྲིལ་ནི་མཐའ་མཚམས་སྐོར་གཡེང་ལམ་བུའི་ཐོག་གི་ཉམས་ལེན་འབད་སྒྲུབ་ཅིག་དང་། ཞིང་ནང་དང་མུ་ཁའི་ངག་སློབ་དཔེ་སྟོན་ཞིག ཛ་དྲག་གི་དུས་སུ་དཔའ་ངར་ཆེན་པོས་གདོང་མཆོང་བྱེད་པ་ཞིག མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཀྱི་འབད་འབུངས་ཡར་བརྩོན་ཞིག་བཅས་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་སྐབས། ཐུབ་བསྟན་ཚེ་རིང་གིས་ཞིང་དུད་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》སོགས་ཐེངས་100ལྷག་ཙམ་སྒྲོག་འགྲེལ་བྱས་པ་རེད། ཁོང་གིས་མོན་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་སོགས་གསར་བརྗེའི་སློབ་གསོའི་གཡུལ་ས་ཡག་པོ་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་དེ་གྲོང་ཚོ་དང་། གྲོང་ལྷན། སློབ་གྲྭ དཔུང་སྡེ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་སྤེལ་བ་མ་ཟད། ད་དུང་ཏང་ཡོན་རྒན་གྲས་གདན་དྲངས་ནས་ཚང་མར་བོད་གསར་རྙིང་བསྡུར་ཏེ་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་བརྒྱབ་པ་རེད།

    2023ལོར་ལེགས་པོ་རོང་གི་མཐིལ་དུ་གནས་པའི་མག་མག་ཤང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་1.3ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་137བྱུང་བ་རེད།

    མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁྲོད་ལས་ལ་བྲེལ་བའི་ཐུབ་བསྟན་ཚེ་རིང་གི་གཟུགས་བརྙན་རྒྱུན་དུ་མཐོང་རྒྱུ་ཡོད། ཁོམ་པ་ཡོད་ཚེ་ཁོང་གིས“ཡུལ་སྐོར་སྣེ་ཤན་པའི”ངོས་ནས་ཡུལ་སྐོར་བར་ཡུལ་སྐོར་ལམ་ཐིག་དང་མོན་པའི་ལོ་རྒྱུས་རིག་གནས་འགྲེལ་བཤད་རྒྱག་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཚོ་བའི་ཁྲོད་ཁྱབ་པར་བྱས་ཡོད།

    གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་པར་བྱ་ཆེད། ཐུབ་བསྟན་ཚེ་རིང་གིས་མང་ཚོགས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཁྱིམ་ཚང་མགྲོན་ཁང་། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ས་ཚིགས་སོགས་བཙུགས་པ་རེད། 2021ལོ་ཚུན་ཁོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་འགོ་ཁྲིད་དེ་མག་མག་གྲོང་ཚོའི་མོན་པའི་ཁྱད་ལྡན་ཐོན་ལས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ད་ཆ་མཉམ་ལས་ཁང་དེར་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་ཤིང་། ལེགས་པོའི་བྱིན་ལྡན་ཇ་དང་། གངས་ལྗོངས་མེའེ་ཇ། སྟབས་བདེའི་ཇ། ལེགས་པོའི་བྲ་བོའི་ཨ་རག་སོགས་ཁྱད་ལྡན་ཐོན་རྫས་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པོ་ཡོད་ལ། མཁོ་མང་སྤྲོད་ཉུང་དུ་སོང་ནས་ཤང་ཡོངས་ཀྱི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཡུལ་སྐོར་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ལས་མག་མག་ཤང་དུ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་ལས་མཉམ་སྤྲོ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་ཞི་མཐུན་གྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་ཁྲིད་ཐུབ་པ་མ་ཟད། ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བརྩོན་ལེན་དང་གང་སར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པའི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།