ནགས་ཁྲོད་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས། ཀོ་ཤ་བཏུས་ནས་ཕྱུག་པོའི་ལམ་དུ་སྐྱོད།
བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ར་གྲོང་ཚོའི་གྲོང་མིས་ནགས་ཁྲོད་དུ་ཀོ་ཤ་འཐུ་བཞིན་པ།
བོད་ལྗོངས་ཉིང་ཁྲི་ནས་ཐོན་པའི་ཀོ་ཤ་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་ནང་ཤ་དཀར་པོའི་ཀོ་ཤ་ཞིག་ཡིན་པ་དེར་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཁས་ལེན་ཐོབ་ཡོད། ཟླ་8པའི་ཟླ་དཀྱིལ་དུ། བཅར་འདྲི་ཚོགས་ཆུང་རྒྱལ་ལམ་318བརྒྱུད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ར་གྲོང་ཚོར་སྐྱོད་སྐབས་དེ་གར་ཏག་ཏག་ཀོ་ཤ་བསྡུ་བའི་དུས་ཚིགས་རེད་འདུག
“ད་ལོ་ཀོ་ཤ་དང་བེ་ཤ་འཐུ་བའི་དུས་ཚོད་མཉམ་དུ་འཁེལ་བས་ངེས་པར་དུ་དུས་ཚོད་དམ་འཛིན་གྱིས་འཐུ་དགོས་ཀྱི་ཡོད”ཅེས་ཞོགས་པ་སྔ་པོར་ཀོ་ཤ་རྟེན་གཞིའི་འགན་འཁུར་བ་ལི་ཙེ་ཧྭ་ཡིས་གྲོང་མི་10ལྷག་ཙམ་ཁྲིད་དེ་ནགས་ཁྲོད་དུ་བསྐྱོད་པར་ནགས་ཚལ་སྟུག་པོའི་ཁྲོད་ནས་མིའི་ངོ་གདོང་ལས་ཀྱང་ཆེ་བའི་ཀོ་ཤ་ཁམ་མདོག་མང་པོ་རྙེད།
ལོ་40ལ་སླེབས་པའི་པ་སྒྲོན་གྱིས་སྨིན་ཐག་ཆོད་པའི་ཀོ་ཤ་ཞིག་མཐོང་ནས་ལམ་སེང་བདེ་ལྕག་འཁྱུག་ལ་བྱང་ཆུབ་པོས་ཀོ་ཤའི་རྩ་བ་ནས་བྲེག་པ་དང་། དེ་རྗེས་དེའི་སྟེང་འགོས་པའི་འདམ་བག་ཕྱིས་ཏེ་གཟབ་གཟབ་ནན་ནན་གྱིས་སླེལ་པོའི་ནང་བླུགས། ཀོ་ཤ་སླེལ་པོ་གང་བཏུས་རྗེས་སྒམ་ནང་བླུགས་ནས་གཅིག་སྡུད་ཐོག་རྟེན་གཞིར་དབོར་ཏེ་གཙང་མར་བཀྲུས་ནས་ཉི་སྐམ་བཏང་།
པ་སྒྲོན་དང་མཉམ་དུ་རྟེན་གཞིར་ལས་ཀ་ཙག་ཙིག་བྱེད་མཁན་ཚང་མ་ས་གནས་དེ་གའི་གྲོང་མི་ཤ་སྟག་རེད།
རྒྱ་ར་གྲོང་ཚོའི་དུད་ཚང་47གྱིས་རེས་མོས་བྱས་ནས་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པ་དང་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད་པ་རེད།
ལོ་61ལ་སླེབས་པའི་རབ་བརྟན་ནི་དེ་སྔ་རྒྱ་ར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རེད། རྒན་ཡོལ་ཞུས་རྗེས་ལས་མེད་དུ་སྡོད་མི་ཆགས་པར་ཀོ་ཤའི་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་ཅིང་། ཁོང་གིས“བོད་ཀྱི་ནང་ཤ་དཀར་པོའི་ཀོ་ཤར་མངར་ཆ་འདུས་ཚད་མང་བས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་ཀྱི་འདུག རྟེན་གཞིའི་ལས་ཀར་དཀའ་ལས་དེ་ཙམ་མི་འདུག མ་ཟད་ཟླ་ཕོགས་སྒོར་4000འདུག”ཅེས་བཤད།
རབ་བརྟན་ནི་ཆིང་ཀང་ནགས་ཚལ་དུ་འཚར་ལོངས་བྱུང་བས་རི་མཐོའི་ནགས་ཚལ་དང་འབྲེལ་འདྲིས་ཟབ་པོ་ཡོད་མོད། འོན་ཀྱང་བེ་ཤ་འཐུ་བ་དང་། ཤ་མོ་བཀོག་པ། སྨན་རྩྭ་འཚོལ་བ་བཅས་ཕུད་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཡག་པོ་དེ་འདྲ་ཡོང་བ་ཁོ་པའི་བློ་ཡུལ་ལས་ཡོངས་སུ་འདས།
ལོ་10ཡི་གོང་གྲོགས་པོའི་གདན་ཞུས་ལྟར་ཀྲེ་ཅང་ཐའེ་ཀྲོའུ་ནས་ཡིན་པའི་ལི་ཙེ་ཧྭ་ཉིང་ཁྲིར་ཡུལ་སྐོར་དུ་ཡོང་ཞིང་། རིན་གོང་མཐོ་པོས“རི་སྐྱེས་ཀོ་ཤ”རྒྱ་མ་ཁ་ཤས་ཉོ་མྱོང་། བརྟག་དཔྱད་བརྒྱུད་ཀོ་ཤ་དེ་དག་ནི་བོད་ནས་ཐོན་པ་མིན་པར་མིའི་ཐབས་ལ་བརྟེན་ནས་བཏབ་པ་ཞིག་ཡིན་པ་རེད། གནས་ཚུལ་དེས་རྐྱེན་པས་ཁོ་པས་ཀོ་ཤར་དོ་སྣང་བྱེད་འགོ་བརྩམས། ཉིང་ཁྲི་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་ནང་ཤ་དཀར་པོའི་ཀོ་ཤ་ཐོན་ཡུལ་ཡིན་པ་མ་ཟད། ཀོ་ཤ་དེ་རིགས་མང་ཆེ་བ་རི་སྐྱེས་མ་གཏོགས་མིས་བཏབ་ན་སྐྱེ་ཁག་པོ་ཡོད་པ་ཤེས་རྟོགས་བྱུང་བས། ཁོ་པར་ཀོ་ཤའི་ཚོང་རྒྱག་རྒྱུའི་བསམ་བློ་འཁོར།
དེ་རྗེས་ཀྱི་ལོ་གཉིས་ནང་ལི་ཙེ་ཧྭ་ཡིས་ཀོ་ཤ་འདེབས་སྟངས་སྦྱངས་ནས་ཉིང་ཁྲིར་རྟོག་ཞིབ་བྱེད་པར་ཐེངས་མང་བསྐྱོད། “ནང་ཤ་དཀར་པོའི་ཀོ་ཤ་འདེབ་སའི་ཁོར་ཡུག་གི་ཆ་རྐྱེན་མཐོ་ལ་སྨན་གྱི་རིན་ཐང་ཆེ་བ་དང་ཁྲོམ་རའི་རིན་གོང་མཐོ་པོ་ཡོད”བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། 2017ལོར་ལི་ཙེ་ཧྭ་དང་ཁོང་གི་གཅུང་པོ་གཉིས་ཀྱིས་ནང་མི་འཁྲིད་དེ་རྒྱ་ར་གྲོང་ཚོར་ཡོང་ནས་ནགས་ཁྲོད་ཀྱི་དཔལ་འབྱོར་གཉེར་སྐྱོང་བྱེད་འགོ་ཚུགས།
རྒྱ་ར་གྲོང་ཚོར་ས་བབ་མཐོ་ཚད་སྨི་3400ཡོད་པ་དང་། དེའི་མཐའ་བཞིའི་རི་བོ་མཐོ་ཞིང་ནགས་ཚལ་སྟུག་པ་དང་། ཆར་ཆུ་འབེལ་བ། མཁའ་རླུང་བརླན་གཤེར་ཆེ་བ་བཅས་ཡོད། “ལྷག་པར་དུ་ཡུག་འབྲེལ་གྱི་ཆིང་ཀང་ནགས་ཚལ་དུ་ཤ་མོའི་རིགས་སྐྱེ་བདེ་པོ་ཡོད” དེས་ན་ལི་ཙེ་ཧྭ་ཡིས་རི་སྟེང་དུ་ཀོ་ཤ་འདེབས་རྒྱུའི་ཐག་བཅད།
ལི་ཙེ་ཧྭ་ཡིས་རྒྱ་ར་གྲོང་ཚོར་གདོད་མའི་ཆིང་ཀང་ནཌ་ཚལ་གཉིས་འགན་གཙང་བླངས་ནས་ཀོ་ཤ་མུའུ་400ལྷག་ཙམ་བཏབ་པ་རེད།
ལི་ཙེ་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཀོ་ཤ་སྐམ་སིལ་ཏུན་7བསྡུས་པ་དེ་དག་གཙོ་བོ་ཀྲེ་ཅང་དང་། ཀོང་ཏུང་། དེ་བཞིན་ཤང་ཀང་དང་ཨའོ་མོན་སོགས་སུ་བཙོངས་པར་ཆ་སྙོམས་སྤྱི་རྒྱ་རེར་སྒོར་2000རག་ཡོད་པ་རེད།
དེས་མ་ཟད། ལི་ཙེ་ཧྭ་ཡིས་ད་དུང་ས་ཆ་དེ་གར་ས་ཞིང་མུའུ་130བོགས་མར་བླངས་ནས་དྲོད་ཁང་ཆེན་པོ་38བསྐྲུན་ཏེ་ཀོ་ཤ་བཏབ་པ་དེ་དག་གཙོ་བོ་ཐུམ་རྡུལ་ཕྱེ་མ་བཟོ་བར་སྤྱོད་ཀྱི་ཡོད། ཁོང་གིས་ཚོད་རྩིས་བྱས་པར་གཞིགས་ན། འདི་ལོ་ཐུམ་རྡུལ་ཕྱེ་མ་རྒྱ་མ་30ལྷག་ཙམ་ཐོན་རེ་ཡོད་པ་དང་དེ་དག་ཚང་མ་བཙོངས་ཚེ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་རག་བཟོ་ཡོད་པ་རེད།
རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག ཉིང་ཁྲི་གྲོང་ཁྱེར་གྱི་ནགས་སའི་རྒྱ་ཁྱོན་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཁྱོན་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་544.35ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ནགས་ཁྲོད་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། རྫོང(ཆུས)ཁག་གིས་ནགས་སའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱབ་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་ནགས་ཁྲོད་དཔལ་འབྱོར་འཆར་འགོད་དང་འཕེལ་རྒྱས་བཏང་ཡོད།
སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཞོ་ཁ་གྲོང་ཚོར་ཀོ་ཤ་འདེབས་འཛུགས་དྲོད་ཁང་190བསྐྲུན་པ་དང་འབྲེལ་མཐའ་འཁོར་གྱི་གྲོང་ཚོ་10ལྷག་ཙམ་གྱིས་མཉམ་དུ་ཀོ་ཤའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་པ་དང་། མེ་ཏོག་རྫོང་དགའ་ལྡན་ཤང་དགའ་ལྡན་གྲོང་ཚོས་གཞེས་ནིང་ལོ་ནས་བཟུང་ཀོ་ཤ་བཏབ་པ་དེ་དག་སྤུས་ཀ་དག་ལ་ཕན་ནུས་ཀྱང་ཆེ་བས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་པ། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོས་མུའུ་1700ཡོད་པའི་སྡོང་ཕུང་ནགས་ཁྲོད་རི་སྐྱེས་གསོ་སྐྱོང་དཔེ་སྟོན་རྟེན་གཞི་བསྐྲུན་ནས་ཐོན་སློབ་ཞིབ་མཁོ་ཚོང་གཞི་གཅིག་ཏུ་བསྡུས་པས་ས་གནས་དེ་གའི་མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
འདི་ལོའི་ལོ་སྟོད་ནས་བཟུང་རྒྱ་ར་གྲོང་ཚོའི་ཁྱིམ་མཚེས་ཤུ་པ་གྲོང་ཚོའི་དུད་ཚང་48ཀྱིས་ཀྱང་ཀོ་ཤ་འདེབས་འགོ་ཚུགས་ཤིང་། ཁོ་ཚོས་ཤ་མོའི་ཐུམ་སྒྲིལ་15000ཉོས་ནས་ལི་ཙེ་ཧྭ་ཡི་རྟེན་གཞིར་རིན་མེད་ངང་ཀོ་ཤ་འདེབས་སྟངས་སྦྱངས། “ཀོ་ཤ་སྨིན་རྗེས་རྒྱ་ར་གྲོང་ཚོའི་ཀོ་ཤའི་རྟེན་གཞིས་རྒྱ་མ་རེར་སྒོར་50བྱས་ནས་ཀོ་ཤ་སོས་པ་ཚུར་བསྡུ་བྱ་རྒྱུ་ཡིན་པས། ཚོང་ལམ་ཐད་སེམས་ཁྲལ་གཏན་ནས་མི་འདུག”ཅེས་གྲོང་མི་ནོར་བུས་བཤད།
རི་ཁའི་ལྟོ་རྟེན་རི་ལ་བརྟེན་དགོས་གཤིས། ལྗང་མདོག་འཕེལ་རྒྱས་གཏོང་དགོས། ས་གནས་ཁག་གི་གྲོང་མིས་ཚང་ཚིང་ནགས་ཚལ་འཚོ་རྟེན་དུ་བྱས་པས་སྐྱེ་ཁམས་དམངས་ཕྱུག་གི་ལམ་བུ་དེ་བས་ཡངས་སུ་འགྲོ་བཞིན་ཡོད་པ་རེད།