ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་བསྟན་དོན། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་རིམ་པ་མཐོ་ཤོས་དང་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་འགག་རྩའི་འདེགས་སྐྱོར་ཞིག་རེད།
འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་བཟང་གསོ་སྐྱོང་དང་། དགོས་མཁོར་ཞབས་འདེགས། སྒྱུར་བཅོས་གསར་གཏོད། སྒོ་དབྱེ་མཉམ་འདྲེས་བཅས་མཐའ་འཁྱོངས་བྱེད་པ་དང་། གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་ནང་དོན་འཛུགས་སྐྱོང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་རྩེར་སོན་གྱི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོའི་མ་ལག་སྐྲུན་པ། འཛམ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་སྐྲུན་པ། གནད་ལ་འཁེལ་པོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པ་དང་དགོས་མཁོ་ཆེ་ཞིང་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བཅས་བྱས་ཏེ་འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་སྐྲུན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་བཅས་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
《བསམ་འཆར》ནང་བསྟན་དོན། རིག་ཚན་ཆེད་ལས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པ་གསོ་སྐྱོང་གི་སྔོན་ཚུད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་ཚན་ཆེད་ལས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དུས་ཐོག་ཏུ་དང་ལེན་བྱེད་པའི་རིག་ཚན་ཆེད་ལས་བཀོད་སྒྲིག་དང་། འཛུགས་སྐྱོང་། ལེགས་སྒྲིག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཞིང་ལས། གསོ་རིགས་བཅས་དང་། དེ་བཞིན་རྨང་གཞིའི་རིག་ཚན་དང་། གསར་དར་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་ཀྱི་སློབ་གནས་སྤྲོད་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབུམ་རམས་པའི་ཆེད་ལས་སློབ་གནས་སྤྲོད་སའི་བསྡུར་ཚད་མཐོ་རུ་གཏོང་བ། འགག་རྩའི་ཁྱབ་ཁོངས་ཀྱི་རིག་ཚན་ཆེད་ལས་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ། རིག་ཚན་སྣོལ་འདྲེས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གསོ་སྐྱོང་གི་བརྒྱུད་རིམ་གཙོ་བོ་སླར་གསོ་བྱས་ནས་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་བྱེད་པའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་བསྡུ་དོ་དམ་བྱེད་སྟངས་སྒྱུར་བཅོས་དང་། གསོ་སྐྱོང་བརྒྱུད་རིམ་ལེགས་སུ་གཏོང་བ། ཁག་བགོས་ཕྱིར་འཐེན་དང་ཕྱོགས་མང་གདམ་ག་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གཞུང་སློབ་གནས་དང་ཆེད་ལས་སློབ་གནས་ཀྱི་གསོ་སྐྱོང་རིགས་དབྱེ་འཕེལ་རྒྱས་དང་མཉམ་འདྲེས་གསར་གཏོད་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་སློབ་དཔོན་དཔུང་ཁག་འཛུགས་སྐྱོང་། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་གཏོང་དང་གསར་གཏོད་བཅས་བྱེད་དགོས། མཉམ་སྒྲུབ་ལམ་སྲོལ་བསྐྱར་སྒྲིག་བྱས་ནས་རྩེར་སོན་གྱི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས། ཚན་སློབ་མཉམ་འདྲེས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ཐོན་སློབ་མཉམ་འདྲེས་ཀྱི་སྒུལ་ནུས་སྐུལ་སློང་བྱེད་པ་དང་། ས་ཁོངས་གསར་གཏོད་འཕེལ་རྒྱས་ལ་ནུས་པ་བཏོན་ཏེ་སློབ་གསོའི་འཁོར་འབྲེལ་དང་། ཤེས་ལྡན་པའི་འཁོར་འབྲེལ། ཐོན་ལས་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་ནས་སྤྱི་འདོམས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱབ་སྐྱོར་བརྟན་པོའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དང་གསོ་སྐྱོང་ཚན་པས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་དང་། རིགས་དབྱེ་ཁག་བགོས་ཀྱིས་སྒྱུར་བཅོས་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།