ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་གནང་བ་དང་2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལ་ཁྱོན་ལེའུ་6དང་དོན་ཚན་50ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་པ་སྟེ།
གཅིག སྤྱིའི་བླང་བྱ། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས། དོ་དམ་དང་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དང་དེའི་འབྲེལ་ཡོད་བྱེད་སྒོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག
གཉིས། སྤྱད་འཐུས་ཀྱི་ཁྱབ་ཁོངས། ཕྱིར་གཏོང་དོ་དམ་བཅའ་ཁྲིམས་གཞིར་བཟུང་། ཉིས་སྤྱོད་དངོས་ཟོག་དང་དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་དང་ཁྱབ་འགྱེད་འགོག་པ་སོགས་རྒྱལ་སྤྱིའི་འོས་འགན་དང་འབྲེལ་བའི་དངོས་པོ་ཕྱིར་གཏོང་དོ་དམ་ཐད་སྲོལ་ཡིག་འདི་སྤྱོད་དགོས་པ་ཁ་གསལ་བཏོན་དགོས་ལ། དེ་དང་ཆབས་ཅིག རྫས་འགྱུར་དངོས་རྫས་སོགས་དངོས་ཟོག་ཕྱིར་གཏོང་དོ་དམ་ཚོད་འཛིན་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྤྱད་འཐུས་སྒྲིག་སྲོལ་ཐད་འབྲེལ་མཐུད་རང་བཞིན་གྱི་གཏན་འབེབས་བཟོ་དགོས།
གསུམ། དོ་དམ་སྒྲིག་སྲོལ། ད་ལྟ་སྤྱོད་བཞིན་པའི་ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱིར་གཏོང་དོ་དམ་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་དོན་གཙོ་གཉེར་དོ་དམ་སྡེ་ཚན། འགག་སྒོ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་དང་དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཚོང་དོན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ཁུར་ནས་གཏན་འབེབས་བཟོ་དགོས།
བཞི། ཚོང་དོན་སྟབས་བདེ་ཅན་གྱི་བྱེད་ཐབས། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་གཉེར་སྐྱོང་བའི་ཐོ་འགོད་ལམ་ལུགས་མེད་པར་བཟོ་དགོས་པ་དང་། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་སྲིད་ཇུས་ཀྱི་ཁ་གསལ་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་དགོས་པ་མ་ཟད། ཕྱིར་གཏོང་དོ་དམ་སྲིད་ཇུས་ཀྱི་བསམ་གཞིག་རྒྱུ་རྐྱེན་དང་གོ་རིམ་གཏན་འབེབས་གསལ་པོ་བཟོ་དགོས་ལ། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་ཆོག་འཐུས་ཀྱི་སྟབས་བདེའི་བྱེད་ཐབས་དང་དེ་བཞིན་དེའི་སྤྱད་འཐུས་ཀྱི་ཆ་རྐྱེན་དང་གོ་རིམ་སོགས་ཞིབ་ཚགས་སུ་གཏོང་དགོས།
ལྔ། ཕྱིར་གཏོང་དོ་དམ་གྱི་ལམ་ལུགས་དང་བྱ་ཐབས་ཁག དོ་དམ་གསལ་ཐོ་དང་གནས་སྐབས་རྩིས་སྤྲོད་དོ་དམ་ལག་བསྟར་གྱི་གོ་རིམ་དང་བླང་བྱ་ཁ་གསལ་བཟོ་བ་དང་ལེགས་སྒྲིག་བྱེད་དགོས་པ་མ་ཟད། ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་ཐད་ཆོག་འཐུས་ལག་བསྟར་བྱེད་པ་དང་འབྲེལ་ཆོག་འཐུས་རེ་ཞུའི་ཆ་རྐྱེན་དང་གོ་རིམ་སོགས་གཏན་འབེབས་བྱེད་དགོས། ཉིས་སྤྱོད་དངོས་ཟོག་མཐའ་མའི་སྤྱོད་མཁན་དང་མཐའ་མའི་སྤྱོད་ཡུལ་ལ་དོ་དམ་ནན་པོ་བྱེད་དགོས་ལ། དོ་དམ་ཚོད་འཛིན་མིང་ཐོའི་ལམ་ལུགས་ཞིབ་ཚགས་སུ་གཏོང་བ་དང་། དོ་ཁུར་མིང་ཐོའི་ལམ་ལུགས་འཛུགས་པ། འཁོར་འབྲེལ་ཧྲིལ་པོའི་དོ་དམ་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
དྲུག ལྟ་སྐུལ་ཞིབ་བཤེར། ལྟ་སྐུལ་ཞིབ་བཤེར་ཐད་བྱེད་པོ་དང་། གོ་རིམ། སྤྱོད་ཆོག་པའི་ཞིབ་ཕྲའི་བྱ་ཐབས་བཅས་དང་དེ་བཞིན་ཕྱིར་གཏོང་གཉེར་སྐྱོང་པའི་སྙན་ཞུ་དང་བརྟག་དཔྱད་ཐག་གཅོད་ལ་གཞོགས་འདེགས་བྱེད་པ་སོགས་ཀྱི་འོས་འགན་ཁ་གསལ་བཟོ་དགོས།