2023ལོ་འཁོར་གྱི་སྒེར་གྱི་ཐོབ་ཁྲལ་བསྡོམས་རྩིས་དང་གཙང་འཇལ་གྲངས་གཞི་ཡོངས་བསྒྲགས་བྱས་པ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་གསར་ཤོས་བྱས་པའི་2023ལོ་འཁོར་གྱི་སྒེར་གྱི་ཐོབ་ཁྲལ་བསྡོམས་རྩིས་དང་གཙང་འཇལ་གྱི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་ཕྱོགས་བསྡུས་ཐོབ་ཆ་རག་པའི་མི་སྣའི་ཁྲོད་སྒེར་གྱི་ཐོབ་ཁྲལ་འཇལ་མི་དགོས་པའི་མི་སྣས་བསྡུར་ཚད་བཟུང་ཚད་བཅུ་ཆ་བདུན་ལྷག་ཙམ་ཟིན་པ་དང་། དེ་བྱིངས་ཀྱི་བཅུ་ཆ་གསུམ་ཡང་མ་ཟིན་པའི་དངོས་ཡོད་ཁྲལ་འཇལ་མི་སྣའི་ཁྲོད་60%ཡན་ལ་3%གྱི་ཁྲལ་ཚད་རིམ་པ་དམའ་ཤོས་ཁོ་ན་སྤྱད་པས་ཁྲལ་འཇལ་དངུལ་གྲངས་ཅུང་ཉུང་བ་ཡོད་པ་རེད།
2018ལོ་ནས་བཟུང་རང་རྒྱལ་གྱིས་ཕྱོགས་བསྡུས་དང་རིགས་དབྱེ་ཟུང་འབྲེལ་གྱི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་གསར་པ་ལག་བསྟར་བྱས་ཚུན། སྒེར་གྱི་ཐོབ་ཁྲལ་གྱིས་མཐོ་སྒྲིག་དམའ་ཕན་གྱི་ནུས་པ་ནུས་ལྡན་བཏོན་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཉེ་བའི་ལོ་ཤས་རིང་གི་སྒེར་གྱི་ཐོབ་ཁྲལ་ཡིག་ཐོག་སྙན་ཞུའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་སྒེར་གྱི་ཐོབ་ཁྲལ་འཇལ་བའི་ཡིག་ཐོག་སྙན་ཞུའི་མི་སྣའི་ཁྲོད་ལོ་རེར་ཡོང་འབབ་སྒོར་ཁྲི་100ཡན་ཟིན་པའི་ཡོང་འབབ་མཐོ་བའི་མི་སྣས་ཡིག་ཐོག་སྙན་ཞུའི་མི་གྲངས་ཀྱི་1%ཙམ་ཟིན་པ་དང་། མི་འདི་དག་གིས་ཡིག་ཐོག་སྙན་ཞུ་ཕུལ་ནས་འཇལ་བའི་སྒེར་གྱི་ཐོབ་ཁྲལ་གྱིས་སྒེར་གྱི་ཐོབ་ཁྲལ་ཡོངས་ཀྱི་བཅུ་ཆ་ལྔ་ཡན་ཟིན་ནས། ཡོང་འབབ་རྒྱལ་ཡོངས་མདུན་གྲལ་གྱི་10%ལ་སླེབས་པའི་ཡིག་ཐོག་སྙན་ཞུ་ཕུལ་བའི་མི་སྒེར་གྱིས་འཇལ་བའི་སྒེར་གྱི་ཐོབ་ཁྲལ་གྱིས་སྒེར་གྱི་ཐོབ་ཁྲལ་ཡོངས་ཀྱི་བཅུ་ཆ་དགུ་ཡན་ཟིན་ཡོད་པ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲལ་བསྡུ་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལི་ཕིང་གིས་ངོ་སྤྲོད་བྱས་དོན། ཕྱོགས་བསྡུས་ཐོབ་ཆར་བརྟེན་ནས་སྒེར་གྱི་ཐོབ་ཁྲལ་འཇལ་བའི་གནས་ཚུལ་ལ་བལྟས་ན། ཡོང་འབབ་དམའ་བའི་ཚོགས་སྤྱིས་དཔྱ་ཁྲལ་སྒྱུར་བཅོས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱས་རྗེས་གཞི་རྩའི་ཆ་ནས་དཔྱ་ཁྲལ་འཇལ་མི་དགོས་པའམ་ཡང་ན་དཔྱ་ཁྲལ་ཉུང་ཙམ་ལས་འཇལ་མི་དགོས་པ་དང་། སྒེར་གྱི་ཐོབ་ཁྲལ་དངུལ་མང་ཆེ་བ་ནི་ཡོང་འབབ་མཐོ་འབྲིང་ཚོགས་སྤྱིས་ལེགས་སྐྱེས་ཕུལ་བ་ཞིག་རེད། འདི་ཐོག་ནས་རང་རྒྱལ་གྱི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་ཀྱི“ཡོང་འབབ་མཐོ་འབྲིང་ཚོགས་སྤྱིས་དཔྱ་ཁྲལ་མང་ཙམ་འཇལ་བ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱིས་དཔྱ་ཁྲལ་ཉུང་ཙམ་འཇལ་བའམ་ཡང་ན་དཔྱ་ཁྲལ་འཇལ་མི་དགོས་པའི”གཞི་རྩའི་འཕེལ་ཕྱོགས་གང་ལེགས་མཚོན་པ་དང་། ཡོང་འབབ་བགོ་བཤའ་སྙོམས་སྒྲིག་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་བའི་ཐད་སྒེར་གྱི་ཐོབ་ཁྲལ་གྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།