ཀྲུང་གོ་མི་དམངས་དངུལ་ཁང་གིས་ལག་ཡོད་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་ཟླ་10ཚེས་25ཉིན་སྡེབ་གཅིག་ལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཐའོ་ལིང་གིས་སྔོན་དཔག་བྱས་ན་ལག་ཡོད་ཁང་པ་མང་ཆེ་བའི་དངུལ་བུན་གྱི་སྐྱེད་ཚད་ཟླ་10ཚེས་25ཉིན་སྡེབ་གཅིག་ལ་ལེགས་སྒྲིག་བྱ་རྒྱུ་དང་དངུལ་ཁང་འབྲིང་ཆུང་ཁག་གཅིག་ལ་ལེགས་སྒྲིག་ཅུང་ཕྱི་ཙམ་བྱ་རྒྱུ་ཡིན་ནའང་སྤྱི་ཡོངས་ནས་ཟླ་10ཚེས་31ཉིན་གོང་དུ་ཆ་ཚང་ལེགས་གྲུབ་བྱ་རྒྱུ་རེད་ཅེས་བཤད།
དེ་གོང་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་9ཚེས་29ཉིན་སྤྱི་བསྒྲགས་སྤེལ་བ་དང་འབྲེལ་ཁྲོམ་རའི་སྐྱེད་ཚད་གཏན་འཁེལ་གྱི་རང་འདོམས་ལམ་སྲོལ་ལ་མཛུབ་ཁྲིད་བྱས་ཏེ། ཚོང་ལས་དངུལ་ཁང་ཁག་གིས་ཟླ་10ཚེས་31ཉིན་གྱི་གོང་དུ་ལག་ཡོད་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་གཅིག་གྱུར་ཐོག་སྡེབ་གཅིག་ལ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་ཡོངས་བསྒྲགས་བྱས་པ་རེད།
ཚེས་17ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཐའོ་ལིང་གིས་ལག་ཡོད་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་གཏོང་བའི་འབྲེལ་ཡོད་འཕེལ་རིམ་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཟླ་10ཚེས་12ཉིན་ཚོང་ལས་དངུལ་ཁང་གཙོ་བོས་བཀོལ་སྤྱོད་ཀྱི་ཞིབ་སྲོལ་ཁྱབ་བསྒྲགས་བྱས་པ་དང་མིག་སྔར་དངུལ་ཁང་གིས་དུས་ཚོད་དམ་འཛིན་གྱིས་གན་རྒྱ་དང་མ་ལག་ལ་བཟོ་བཅོས་བརྒྱབ་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་བཞིན་ཡོད། དངུལ་བུན་གཡར་མཁན་མང་ཆེ་བས་དྲ་ཚིགས་ནས་འགྲོ་ལུགས་གཉེར་མི་དགོས་པར་དངུལ་ཁང་གིས་གཅིག་གྱུར་ཐོག་སྡེབ་གཅིག་ལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ལག་ཡོད་ཁང་པ་དེ་དག་གི་དངུལ་བུན་གྱིས་བརྒྱ་ཆ་དགུ་བཅུ་ཡན་ཟིན་ཡོད་ཅེས་བཤད།